(པར་ངོས་དང་པོར་མཐུད)ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ་དངོས་གཞིའི་ཚན་ཁག་ཏུ་རིམ་སྤོར་བྱས་པ་དེ་རེ་བའི་སྒྲོན་མེ་ལྟ་བུར་གྱུར་ནས་བོད་ཀྱི་སློབ་གསོ་བའི་ལོ་བཅུ་ཕྲག་ཁ་ཤས་ཀྱི་ལམ་བུར་རེ་བའི་འོད་སྣང་སྦྱིན། ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་སློབ་སྤྱི་གཞོན་པ་ཀྲང་ཡུའེ་ཡིའུ་ཡིས་དཔེ་སྒྲོམ་ནང་གི་ཡིག་ཐོག་སྙན་ཞུའི་དཔྱད་གཞིར་མཛུབ་མོ་བཙུགས་ནས་གད་མོ་དགོད་བཞིན་དུ་ང་ཚོས་2020ལོ་ནས་བཟུང་དངོས་གཞིའི་ཚན་ཁག་ཏུ་སྤོར་བའི་བྱ་བར་གྲ་སྒྲིག་ཞིབ་ཚགས་བྱས་ཏེ་སློབ་གསོ་པུའི་དམིགས་ཚད་དང་བསྡུར་ནས་རྨང་གཞི་རེ་རེ་བཞིན་བརྟན་དུ་བཏང་ཡོད་ཅེས་དང་། ཁོང་གིས་ཡིག་ཐོག་སྙན་ཞུའི་དཔྱད་གཞི་ཁོ་ནར་དེབ་146དང་ཡིག་འབྲུ་ཁྲི་སུམ་སྟོང་ལྷག་ཙམ་ཡོད་པ་དང་དཔྱད་གཞི་ཚང་མར་རིགས་པས་ཁུངས་སྐྱེལ་གྱིས་ཞིབ་བཤེར་ཐེངས་མང་བྱས་ཡོད། དེ་དང་ཆབས་ཅིག་ང་ཚོས་རྒྱུན་ཆད་མེད་པར་དགེ་རྒན་ལྗོངས་ཕྱིའི་མཐོ་སློབ་ཏུ་སློབ་སྦྱོང་བྱེད་པར་བཏང་ནས་དངོས་གཞིའི་ཚན་ཁག་གི་སློབ་གཉེར་ལ་གྲ་སྒྲིག་ཡག་པོ་བྱས་ཡོད། སློབ་གྲྭ་གཉེར་ནས་ལོ་ངོ་50འཁོར་བའི་དུས་བཟང་འདིར་གཏམ་བཟང་འདི་འདྲ་ཞིག་རྣ་བས་ཐོས་པས་དངོས་གནས་སེམས་ནང་ཧ་ཅང་དགའ་པོ་བྱུང་ཞེས་བཤད།
ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ་ནི་བོད་རང་སྐྱོང་ལྗོངས་ཀྱི་དགེ་འོས་སློབ་གྲྭ་གཅིག་པུ་དེ་ཡིན་ཞིང་། དེ་སྔའི་འབྱུང་ཁུངས་ནི་1964ལོར་ལྷ་ས་གྲོང་ཁྱེར་རིག་སློབ་ཅུས་ཀྱིས་བཙུགས་པའི་དགེ་འོས་འཛིན་གྲྭ་ཞེས་པ་དེ་ཡིན་པ་དང་། 1975ལོའི་ཟླ་8པར་ལྷ་ས་གྲོང་ཁྱེར་དགེ་འོས་སློབ་གྲྭ་རུ་བསྒྱུར་པ་དང་། 2006ལོའི་ཟླ་2པར་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭར་མིང་བསྒྱུར། 2025ལོའི་ཟླ་2པར་སློབ་གསོ་པུས་ལྷ་ས་དགེ་འོས་སློབ་གླིང་འཛུགས་རྒྱུའི་མཆན་འགོད་བཀའ་ལན་དངོས་སུ་གནང་བ་རེད།
ཀྲང་ཡུའེ་ཡིའུ་ཡིས་བློ་རྩ་བརྟན་པོའི་སྒོ་ནས་ང་ཚོའི་དམིགས་ཚད་ནི་རྨང་གཞིའི་སློབ་གསོའི་དགེ་རྒན་གསོ་སྐྱོང་དང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་རྒྱུར་དམིགས་ནས་བློས་འགེལ་ཆོག་པ་དང་། སྤྱོད་གོ་ཆོད་པ། གཞི་རིམ་དུ་སྐྱོད་ཐུབ་པ། གནས་ཐུབ་པ། སློབ་ཁྲིད་ཡག་པོ་བྱེད་ཐུབ་པ་བཅས་ཀྱི“ཡོད་པ་བཞིའི”དགེ་རྒན་ཡག་པོ་དང“ལམ་སྟོན་པ་བཞི”གསོ་སྐྱོང་བྱས་ཏེ་བྱང་ཚད་མཐོ་བའི་བཀོལ་སྤྱོད་རྣམ་པའི་ཤེས་ལྡན་པ་གཞན་དག་གསོ་སྐྱོང་བྱས་ནས་ཁྱད་ཆོས་མངོན་གསལ་དོད་པའི་དངོས་གཞིའི་ཚན་ཁག་གི་བཀོལ་སྤྱོད་རྣམ་པའི་མཐོ་སློབ་འཛུགས་སྐྱོང་བྱ་རྒྱུ་དེ་ཡིན་ཞེས་བཤད།
ད་ཆ་སློབ་གྲྭའི་ནང་སྐྱོད་སྐབས་བོད་ཡིག་རིག་ནུས་སྐད་གདངས་ཚོད་ལྟ་ཁང་གི་སློབ་མ་ཚོས་ཡུལ་སྐད་དབྱེ་འབྱེད་མ་ལག་ལེགས་སྒྲིག་དང་ཚོད་ལྟ་བྱེད་བཞིན་ཡོད་པ་དང་། མཛེས་རྩལ་དངོས་སྦྱོང་ཁང་གི་ལྷ་རིས་བས་སློབ་མ་འཁྲིད་དེ་གཏེར་དངོས་ཀྱི་ཚོས་རྒྱུ་སྡེབ་སྦྱོར་བྱེད་བཞིན་ཡོད་པ་རེད། སློབ་གྲྭ་དེ་དངོས་གཞིའི་ཚན་ཁག་གི་སློབ་གླིང་དཀྱུས་མར་རིམ་སྤོར་བྱས་རྗེས་འབྱུང་འགྱུར་ཁོང་ཚོར་གདམ་ག་བྱེད་པའི་གོ་སྐབས་དེ་བས་མང་བ་ཐོབ་རྒྱུ་རེད། སི་ཁྲོན་ནས་ཡིན་པའི་སློབ་མ་ཝུའུ་སི་ཅ་ཡིས་ངའི་ཆེད་ལས་ནི་སློབ་ཆུང་གི་སྐད་ཡིག་སློབ་གསོ་ཡིན། ད་ལོ་སློབ་ཆེན་ལོ་རིམ་གཉིས་པ་ཡིན་པས་ཆེད་ཚན་སློབ་གྲྭ་ནས་དངོས་གཞིའི་ཚན་ཁག་ལ་རྒྱུགས་སྤྲོད་འཆར་ཡོད་པས། ངས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ང་ཚོའི་སློབ་གྲྭ་གདམ་གྱི་ཡིན་ཞེས་བཤད། སློབ་ཁྲིད་ཐོག་ཁང་ནང་དགེ་རྒན་གྱི་ཐོབ་ཐང་ཡིག་རྒྱུགས་ནང་ཞུགས་རྩིས་ཡོད་པའི་སློབ་མས་ནག་པང་ཐོག་ཏུ་ཡིག་གཟུགས་སྦྱོང་བཞིན་ཡོད་པ་དང་། བོད་ཡིག་ཡིག་གཟུགས་དང་རྒྱ་ཡིག་གིས་ནག་པང་ཐོག་ཐུན་མོང་མ་ཡིན་པའི་ཤེས་བྱའི་དཔེ་རིས་ཤིག་ཆགས་ཡོད།
རང་སྐྱོང་ལྗོངས་སློབ་གསོ་ཐིང་གི་གྲངས་གཞི་ལས་མངོན་པར་གཞིགས་ན། 2025ལོའི་ཟླ་3པ་བར་བོད་རང་སྐྱོང་ལྗོངས་སུ་མཐོ་སློབ་8(དངོས་གཞིའི་ཚན་ཁག་གི་སློབ་གླིང་5དང་། མཐོ་རིམ་ལས་རིགས་སློབ་གྲྭ་དང་ཆེད་ཚན་སློབ་གྲྭ་ཁྱོན་3)ཡོད་པ་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་49284ཡོད།
བོད་ཀྱི་མཐོ་སློབ་ཆེ་གྲས་ཁག་གི་རིག་ཚན་ཆེད་ལས་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་བཞིན་ཡོད་པས་དེས་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ་ཆེད་ཚན་ནས་དངོས་གཞིའི་ཚན་ཁག་ཏུ་སྒྱུར་བའི་དམིགས་ཚད་མངོན་འགྱུར་བྱུང་བར་མ་ཟད། སློབ་གྲྭ་གཞན་དག་ལའང་དྲ་རྒྱའི་བར་མཐོངས་ཀྱི་བདེ་འཇགས་དང་། གྲངས་འཛིན་དཔལ་འབྱོར། དམིགས་བསལ་ཉེན་རྟོག་པ་སོགས་དགོས་མཁོ་ཆེ་བའི་དངོས་གཞི་དང་ཆེད་ཚན་གྱི་ཆེད་ལས་ཁག་ཅིག་གསར་དུ་བསྣན་ཡོད། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་མཐོ་རིམ་སློབ་གསོ་ཁྲུའི་ཁྲུའུ་ཀྲང་གཞོན་པ་རྣམ་གྲོལ་གྱིས་རྗེས་མར་མཐོ་སློབ་དཀྱུས་མའི་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་ལས་དོན་གྱི་ཚད་ལོན་དཔྱད་དཔོག་གི་བླང་བྱ་གཞིར་བཟུང་། ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭར་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་། གསར་དུ་བཙུགས་པའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་6གི་ནང་དོན་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། སློབ་གསོ་པུའི་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་ལས་དོན་གྱི་ཚད་ལོན་དཔྱད་དཔོག་དུས་བཀག་ལྟར་བདེ་བླག་ངང་ལེགས་འགྲུབ་ཐུབ་པའི་འགན་ལེན་བཅས་བྱས་ནས། སློབ་གྲྭར་ཁྱད་ཆོས་ལྡན་པ་དང་ཆུ་ཚད་མཐོ་བའི་མི་རིགས་དགེ་འོས་དངོས་གཞིའི་ཚན་ཁག་གི་སློབ་གླིང་བསྐྲུན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད།
མུན་པ་རིམ་གྱིས་སྟུག་ཏུ་ཕྱིན་པ་དང་སྦྲགས་ཚེ་རིང་སྒྲོལ་མས་དཔེ་དེབ་བསྡུ་གསོག་བརྒྱབ་ནས་རང་སྦྱོང་ཁང་ནས་དོན། ལམ་སྒྲོན་གྱིས་སྤྱི་བསྒྲགས་སྒྲོམ་ནང་གསར་དུ་སྦྱར་བའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་ངོ་སྤྲོད་ཀྱི་ནང་དོན་ལྷག་པར་གསལ། ཁོ་མོས་རྒྱའི་སྐད་ཡིག་རྩོམ་རིག་ཅེས་པའི་ནང་དོན་ལ་ག་ལེར་རེག་བཞིན་ཡུན་རིང་བལྟས་ནས་བསྡད། ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་སློབ་ཁྲིད་ཐོག་ཁང་གི་བར་ཁྱམས་རིམ་བཞིན་མུན་ནག་ཏུ་གྱུར་མོད། འོན་ཀྱང་ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭའི་སློབ་མ་6000ཙམ་གྱི་ཕུགས་འདུན་དེ་དངོས་གཞིའི་ཚན་ཁག་ཏུ་རིམ་སྤོར་ལེགས་གྲུབ་བྱུང་བ་དང་བསྟུན་ནས་རིམ་བཞིན་བཀྲག་མདངས་འཚེར་བཞིན་ཡོད།
(བོད་ལྗོངས་ཉིན་རེའི་ཚགས་པར་གཞིར་བཟུང)
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社