分享按钮

ཞུམ་མེད་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད། དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར།

རང་གྲོང་གི་ཚན་པ་ཁག་གིས་དྭངས་གསལ་དུས་ཚིགས་ཀྱི་མཆོད་འབུལ་བྱེད་སྒོ་སྤེལ་བ།

དྭངས་གསལ་དུས་ཚིགས་ནི་རང་རྒྱལ་གྱི་སྲོལ་རྒྱུན་དུས་ཆེན་ཞིག་དང་། ཀྲུང་ཧྭ་མི་རིགས་ཀྱིས་མེས་པོར་མཆོད་འབུལ་དང་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུ་བའི་ཉིན་མོ་ཞིག་ཡིན། ཉིན་ཤས་བསྟུད་མར། རང་གྲོང་གི་ཚན་པ་ཁག་དང་རྫོང་ཆུས་ཁག་གིས་དྭངས་གསལ་དུས་ཚིགས་ཀྱི་མཆོད་འབུལ་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་ཞིང་། ཤེས་དཔལ་གྱི་མཆོད་འབུལ་དར་འཕེལ་གཏོང་བ་དང་དུས་མཚུངས་སུ་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་མཆོད་འབུལ་བྱས་པ་བརྒྱུད། གསར་བརྗེའི་སྔོན་གཤེགས་དཔའ་བོའི་བླ་ན་མེད་པའི་སྙིང་སྟོབས་ལ་རྒྱུས་ལོན་དང་།འབད་འབུངས་ཡར་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱས་ཡོད།

གྲོང་ཁྱེར་སྲིད་གྲོས།

ཟླ་4ཚེས་3ཉིན། གྲོང་ཁྱེར་སྲིད་གྲོས་ལས་ཁུངས་ཀྱིས་ལས་བྱེད་པ་དང་ལས་བཟོ་བ་ཡོངས་སྒྲིག་འཛུགས་བྱས་ཏེ། “གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་ནས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད”ཅེས་པ་གཙོ་དོན་དུ་བྱས་པའི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་མཆོད་འབུལ་བྱེད་པའི་བྱེད་སྒོ་སྤེལ་བ་རེད། ཉིན་དེར། ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་ལས་བྱེད་པ་དང་ལས་བཟོ་བ་ཚོས་ལག་ཏུ་མེ་ཏོག་སོས་པ་ཁྱེར་ནས་གོ་རིམ་ལྡན་པའི་ངང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་དུ་བསྐྱོད་དེ།གསར་བརྗེའི་སྔོན་གཤེགས་དཔའ་བོར་བླ་ན་མེད་པའི་དད་གུས་དང་མྱ་ངན་ཟབ་མོ་ཞུས་ཡོད། དེ་རྗེས་འགྲེལ་བཤད་པའི་ཁྲིད་སྟོན་འོག་ལས་བྱེད་པ་དང་ལས་བཟོ་བ་ཡོངས་ཀྱིས་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་ལ་ལྟ་སྐོར་བྱས་ཡོད།

གྲོང་ཁྱེར་སྲིད་གྲོས་སློབ་གསོ་ཨུ་ལྷན་གྱི་ཀྲུའུ་རེན་ཀུང་ཏ་ཁྲེང་གིས། དེ་རིང་ལོ་རྒྱུས་ལ་དྲན་གསོ་ཞུ་བ་ཕུད།དེ་བས་གལ་ཆེ་བ་ནི་ང་ཚོས་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་དར་འཕེལ་བཏང་ནས། སྔོན་གཤེགས་དཔའ་བོའི་སྙིང་སྟོབས་ལས་དོན་ཁྲོད་དུ་ཁྱབ་པར་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་བཤད།

དྭངས་གསལ་དུས་ཚིགས་ཀྱི་མཆོད་འབུལ་བྱེད་སྒོ་སྤེལ་བ་དེས། གྲོང་ཁྱེར་སྲིད་གྲོས་ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་ཡོངས་ཀྱི་ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་ཕྱིན་པ་དང་། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་སྔར་བས་ཆེ་རུ་ཕྱིན་ཡོད།

གྲོང་ཁྱེར་དམངས་སྲིད་ཅུས།

ཟླ་4ཚེས་4ཉིན། གྲོང་ཁྱེར་དམངས་སྲིད་ཅུས་ལས་ཁུངས་ཏང་ཨུད་ཀྱིས་ཅུས་ལས་ཁུངས་དང་དེ་བཞིན་ཅུས་ཁོངས་གཏོགས་ཚན་པའི་ཏང་ཀྲི་པུའུ་ཁག་གི་མི་40ལྷག་ཙམ་སྒྲིག་འཛུགས་བྱས་ཏེ། ལྷ་ས་གྲོང་ཁྱེར་སྤྱི་པའི་བང་སོ་ཁང་དུ“ང་ཚོའི་དུས་ཆེན་ཏེ། དྭངས་གསལ་དུས་ཚིགས”ཞེས་པའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་ཡོད།

བྱེད་སྒོ་སྤེལ་ཡུལ་དུ་ཏང་ཡོན་དང་བླངས་པ་ཚོས་ལས་བགོས་ཁ་གསལ་ངང་ལྷ་ས་གྲོང་ཁྱེར་སྤྱི་པའི་བང་སོ་ཁང་དུ་གཙང་སྦྲ་འཕྲོད་བསྟེན་དང་ཡ་རབས་ཀྱི་མཆོད་འབུལ་སོགས་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད།

དྭངས་གསལ་དུས་ཚིགས་རིང་། གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་ལས་དོན་པས་ལྷ་ས་གྲོང་ཁྱེར་སྤྱི་པའི་བང་སོ་ཁང་དུ“མེ་ཏོག་སོས་པ་དང་ཤོག་བུའི་མཆོད་དངུལ་བརྗེ་བའི”ཞབས་ཞུའི་ས་ཚིགས་བཙུགས་ནས། མཆོད་འབུལ་བྱེད་མཁན་གྱི་མང་ཚོགས་ལ་རིན་མེད་ངང་ལུག་མིག་མེ་ཏོག་རྐང་300ལྷག་ཙམ་སྤྲད་དེ། མང་ཚོགས་ལ་འབྱུང་འཕྲོད་ཁོར་ཡུག་སྲུང་སྐྱོང་གི་བྱ་ཐབས་ཐོག་ནས་མེས་པོར་དྲན་གསོ་ཞུ་རྒྱུའི་སྐུལ་ལྕག་བྱས་ཡོད། དུས་མཚུངས་སུ་ལས་དོན་པས《ལྷ་སའི་པུར་འཇུག་དོ་དམ་བྱ་ཐབས》དྲིལ་བསྒྲགས་ཧུར་ཐག་བྱས་ཏེ། པུར་འཇུག་དོ་དམ་གྱི་གཏན་འབེབས་རྒྱ་ཁྱབ་ངང་ཁྱབ་གདལ་དུ་བཏང་ཡོད།

གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀའོ་ཧྥུང་ཉི་ཡིས། དྭངས་གསལ་དུས་ཚིགས་རིང་། མང་ཚོགས་ཀྱི་མཆོད་འབུལ་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་ཆེད། ང་ཚོས་ལྷ་ས་གྲོང་ཁྱེར་སྤྱི་པའི་བང་སོ་ཁང་དུ་མཆོད་འབུལ་ཞབས་ཞུའི་ས་ཚིགས་བཙུགས་ནས། “མེ་ཏོག་སོས་པ་དང་ཤོག་བུའི་མཆོད་དངུལ་བརྗེ་བ”དང་དྲ་རྒྱའི་མཆོད་འབུལ་སོགས་ཀྱི་ཞབས་ཞུ་བསྒྲུབས་ཏེ། མང་ཚོགས་ཀྱིས་གྲོན་ཆུང་དང་། འབྱུང་ཁམས། འབྱུང་འཕྲོད་བཅས་ཀྱི་བྱ་ཐབས་ཐོག་ནས་འདས་པོར་མྱ་ངན་ཞུ་ལུགས་མཚོན་པར་བྱ་རྒྱུར་ཁྲིད་སྟོན་བྱས་ཤིང་། ཀྲུང་ཧྭའི་སྲོལ་རྒྱུན་གྱི་སྤྱོད་བཟང་དར་འཕེལ་བཏང་ནས་ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་བཏང་ཡོད། འདིར་ང་ཚོས་རྒྱ་ཆེའི་གྲོང་མིས་ཡ་རབས་ངང་མཆོད་འབུལ་བྱ་རྒྱུའི་དྲན་སྐུལ་ཞུ་རྒྱུ་ཡིན་ཞེས་བཤད།

རྗེས་མར། གྲོང་ཁྱེར་དམངས་སྲིད་ཅུས་ཀྱིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་འཕེལ་བཏང་བ་བརྒྱུད། ཞི་མཐུན་གྱི་སྤྱི་ཚོགས་བསྐྲུན་པ་དང་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད།

ཉི་དྲོད་གླིང་སྡེ་ཁུལ།

གསར་བརྗེའི་སྔོན་གཤེགས་དཔའ་བོའི་བྱས་རྗེས་རླབས་ཆེན་ལ་སྔར་བས་དྲན་གསོ་ཞུ་བ་དང་། གསར་བརྗེའི་སྔོན་གཤེགས་དཔའ་བོར་མྱ་ངན་ཞུས་ནས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱ་ཆེད། ཟླ་4ཚེས་1ཉིན། ཁྲེང་ཀོན་ཆུས་ཉི་དྲོད་གླིང་སྡེ་ཁུལ་གྱིས་སྡེ་ཁུལ་གྱི་ཏང་ཡོན་ལས་བྱེད་པ་ཡོངས་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་སོགས་སྒྲིག་འཛུགས་བྱས་ཏེ། ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ“དྭངས་གསལ་དུས་ཚིགས་རིང་མེས་པོ་གོང་མར་དྲན་གསོ་ཞུ་བའི”རིམ་སྤེལ་དྲན་གསོའི་བྱེད་སྒོ་སྤེལ་བ་རེད།

ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་ཉི་དྲོད་གླིང་སྡེ་ཁུལ་གྱི་ལས་མི་ཡོངས་ཀྱི་སྒམ་བརླིང་ངང་ཡར་ལངས་ཤིང་། སྡེ་ཁུལ་གྱི་ལས་དོན་པ་དང་ཏང་ཡོན་གྱི་འཐུས་མིས་གོམ་སྟབས་བརྟན་པོར་སྤོས་ནས་འདས་མཆོད་མེ་ཏོག་སི་ར་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་མདུན་དུ་དལ་བུར་ཕུལ་ནས་སྔོན་གཤེགས་དཔའ་བོ་ཚོར་མྱ་ངན་ཟབ་མོ་དང་བླ་ན་མེད་པའི་གུས་འདུད་ཞུས་ཡོད། ལས་དོན་པ་ཡོངས་ཀྱིས་རིམ་པ་བཞིན་ལག་ཏུ་མེ་ཏོག་སོས་པ་ཁྱེར་ནས་གསར་བརྗེའི་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་སྐོར་བ་བརྒྱབ་སྟེ། མེ་ཏོག་སོས་པ་ཕུལ་ནས་སྔོན་གཤེགས་དཔའ་བོ་ཚོར་གུས་འདུད་ཞུས་པ་རེད། དེ་རྗེས་ཚང་མས་ད་དུང་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་དུ་ལྟ་སྐོར་བྱས་ཤིང་། འགྲེལ་བཤད་པས་གསར་བརྗེའི་སྔོན་གཤེགས་དཔའ་བོ་ཚོས་མི་རིགས་རང་བདག་དང་མི་དམངས་བཅིངས་འགྲོལ་གཏོང་བའི་ཆེད་དུ་རང་སྲོག་བློས་གཏོང་གནང་བའི་དཔའ་ངར་ཞུམ་མེད་ཀྱི་མཛད་རྗེས་གླེང་བ་ནན་ཏན་ངང་ཉན་པ་དང་། འགྲེམས་སྟོན་ཁང་ནང་བཤམས་སྟོན་བྱས་པའི་རྩ་ཆེའི་རིག་དངོས་དང་ལོ་རྒྱུས་དཔྱད་གཞིའི་ཡིག་རིགས་ཁག་ལ་ནན་ཏན་ངང་བལྟས་ཡོད། ཡིད་སེམས་འགུལ་བའི་ངང་གསར་བརྗེའི་ལོ་རྒྱུས་ལ་རྒྱུས་ལོན་གཏིང་ཟབ་བྱས་ནས་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་ལེན་བྱས་ཡོད།

སྟོད་ལུང་བདེ་ཆེན་ཆུས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས།

ཉིན་ཤས་གོང་། སྟོད་ལུང་བདེ་ཆེན་ཆུས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྣེ་ཁྲིད་དེ་སྟོད་ལུང་བདེ་ཆེན་ཆུས་ཨུད་སྤྱི་ཚོགས་ལས་དོན་པུའུ་དང་། སྟོད་ལུང་བདེ་ཆེན་ཆུས་བུད་མེད་མཉམ་འབྲེལ་ལྷན་ཚོགས། སྟོད་ལུང་བདེ་ཆེན་ཆུས་སྤྱི་ཁྱབ་བཟོ་ཚོགས། གདོང་དཀར་ཁྲོམ་གཞུང་གི་ཁེ་ལས་ཆུང་སྒེར་ཆེད་གསུམ་གྱི་ཏང་སྤྱི་ཁྱབ་ཀྲི་པུའུ། ཁོངས་གཏོགས་ཁུལ་གྱི་ཁེ་ལས་སོགས་ཏང་ཡོན་100ལྷག་ཙམ་ལྷ་སའི་སྔོན་གཤེགས་དཔའ་བོའི་བང་སོ་ཁང་དུ་དྭངས་གསལ་དུས་ཚིགས་ཀྱི་སྔོན་གཤེགས་དཔའ་བོར་མཆོད་འབུལ་བྱེད་པར་བསྐྱོད་ཡོད།

ལས་དོན་པའི་ཁྲིད་སྟོན་འོག ཏང་ཡོན་ཡོངས་ཀྱིས་སྒམ་བརླིང་ལྡན་པའི་རྣམ་པའི་ཁྲོད་དུ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་ཤིང་། ངག་བསྡམས་ནས་མྱ་ངན་ཞུས་ཏེ། མེ་ཏོག་སོས་པ་ཕུལ་ཡོད། འདི་ལས་སྔོན་གཤེགས་དཔའ་བོར་གུས་བཀུར་དང་རྗེས་དྲན་ཞུ་ལུགས་མཚོན་ཡོད་ཅིང་། འབད་འབུངས་ཡར་བརྩོན་གྱི་བསམ་པའི་སྟོབས་ཤུགས་ཡང་བསྡུ་ལེན་བྱས་ཡོད། དེ་རྗེས་ཏང་ཡོན་ཡོངས་ཀྱིས་ཏང་ནང་ཞུགས་པའི་དམ་ཚིག་བསྐྱར་དྲན་བྱས་ཏེ། སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་ལ་ལྟ་སྐོར་བྱས་ཡོད། ཚང་མས་ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད། གསར་བརྗེའི་སྔོན་གཤེགས་དཔའ་བོའི་འགྱུར་མེད་ཀྱི་དད་སེམས་དང་བླ་ན་མེད་པའི་གསར་བརྗེའི་སྙིང་སྟོབས་ཐད་མྱོང་ཚོར་ཟབ་མོ་བྱུང་། དེ་བས་སེམས་ཁམས་ལ་འགྱུར་བ་ཆེན་པོ་ཐེབས་པ་དང་བསམ་བློར་འགྱུར་ལྡོག་ཆེན་པོ་བྱུང།ཏང་ཡོན་ལས་བྱེད་པ་དང་དམངས་གཉེར་དཔལ་འབྱོར་མི་སྣ་ཞིག་ཡིན་པའི་ངོས་ནས། གསར་བརྗེའི་སྔོན་གཤེགས་དཔའ་བོར་དད་གུས་བྱེད་པའི་བརྩེ་སེམས་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱས་ཏེ། རང་འཁྲིའི་ལས་གནས་ལ་གཞི་ཚུགས་ནས་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པ་བྱ་རྒྱུ་ཡིན་ཞེས་བཤད།

རྗེས་མར་སྟོད་ལུང་བདེ་ཆེན་ཆུས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་སུ་བྱས་ཏེ། ཟམ་པ་དང་འབྲེལ་ཐག་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཞབས་འདེགས་ཞུ་སྟངས་གསར་གཏོད་ཀྱིས་སྲིད་གཞུང་དང་ཁེ་ལས་སྦྲེལ་མཐུད་དང་། དངུལ་ཁང་དང་ཁེ་ལས་སྦྲེལ་མཐུད། ཁེ་ལས་མཉམ་ལས་སོགས་སྣ་མང་ཅན་གྱི་ལས་སྟེགས་བསྐྲུན་ནས། རྒྱ་ཆེའི་དམངས་གཉེར་ཁེ་ལས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱེད་པ་དང་། ཁེ་ལས་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་བཏང་སྟེ། ལས་ཞུགས་དང་། གྲོང་གསེབ་དར་རྒྱས། མི་རིགས་མཐུན་སྒྲིལ་སོགས་ལ་སྐུལ་འདེད་གཏོང་བའི་ཁྲོད་བྱས་རྗེས་ཧུར་ཐག་བཞག་ནས། སྟོད་ལུང་བདེ་ཆེན་ཆུས་ཀྱི་དཔལ་འབྱོར་སྤུས་མཐོའི་ངང་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།

(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-04-06 རང་གྲོང་གི་ཚན་པ་ཁག་གིས་དྭངས་གསལ་དུས་ཚིགས་ཀྱི་མཆོད་འབུལ་བྱེད་སྒོ་སྤེལ་བ། 6 6 拉萨日报藏文 c199350.html 1 ཞུམ་མེད་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱེད། དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར། /enpproperty-->