ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་གཡག་རྟེན་མཛོད་གླིང་ནི་བོད་ཀྱི་དམིགས་བསལ་རིག་གནས་ཀྱི་མཚོན་རྟགས་ཤིག་དང་། ས་མཐོའི་སྤྱི་ཚོགས་ཀྱི་རིག་གནས་ལ་རྒྱུན་ལོན་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཡིན་པའི་ངོས་ནས།རྟེན་མཛོད་གླིང་བཙུགས་པ་ནས་བཟུང་།ཐོག་མཐའ་བར་གསུམ་དུ“རིག་གནས་ལ་བརྟེན་ནས་མི་སེམས་འདུལ་བ་དང་རིག་གནས་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི”འདུ་ཤེས་ཀྱི་རྒྱུན་བསྐྱངས་ཤིང་།ཤེས་དཔལ་ཡུལ་སྐོར་གྱི་ཁྲིད་སྟོན་བྱ་ཐབས་རྒྱུན་ཆད་མེད་པར་གསར་དུ་བཏོད་དེ།ཞབས་ཞུའི་དོ་དམ་གྱི་ཆུ་ཚད་མཐོ་རུ་བཏང་ནས་ཤེས་དཔལ་ཡུལ་སྐོར་འདི་ཉིད་མཛེས་སྡུག་ལྡན་པའི་མཛེས་ལྗོངས་ཤིག་ཏུ་འགྱུར་བར་བྱས་ཡོད།
བོད་ལྗོངས་གཡག་རྟེན་མཛོད་གླིང་གི་ཚོམས་ཆེན་དུ་འགྲེལ་བཤད་རྒྱག་བཞིན་པའི་ཚེ་རིང་སྒྲོལ་མས་ངག་འཇམ་པོའི་སྒོ་ནས་ཡུལ་སྐོར་བར།དང་ཐོག་ཡུལ་སྐོར་བ་ཚོ་ང་ཚོ་བོད་ལྗོངས་གཡག་རྟེན་མཛོད་གླིང་དུ་ལྟ་སྐོར་ལ་ཕེབས་པར་དགའ་བསུ་ཞུ་རྒྱུ་ཡིན། རྟེན་མཛོད་གླིང་ནི་དཔེ་མཛོད་ཁང་དང་འདྲ་བར་ཁ་ཁུ་སིམ་པའི་གནས་ཤིག་ཡིན་པས།ཡུལ་སྐོར་བ་རྣམས་ཀྱིས་ལྟ་སྐོར་གནང་སྐབས་གང་ཐུབ་ཅི་ཐུབ་ཀྱིས་ཁ་ཁུ་སིམ་པོ་གནང་དགོས་པ་ལས།སྐད་ཤུགས་ཆེན་པོ་བསྐྱོན་མི་རུང་།དེ་བས་གང་བྱུང་དུ་ར་སྐོར་ལས་བརྒལ་ནས་རྟེན་མཛོད་གླིང་གི་རིག་དངོས་ལ་ལག་པ་འཆང་མི་རུང་།ཚང་མས་ང་ཚོར་གཞོགས་འདེགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།དེ་བཞིན་ཡུལ་སྐོར་བས་གཏམ་སྤྱོད་ལ་དོ་སྣང་དང་ལྟ་སྐོར་གྱི་སྒྲིག་ལམ་ལ་བརྩི་སྲུང་ཞུ་རྒྱུའི་རེ་བ་ཡོད་ཅེས་བཤད།
ལྟ་སྐོར་གྱི་ཁོར་ཡུག་བཟང་པོར་དེ་བས་ལེགས་པའི་སྒོ་ནས་སྲུང་སྐྱོང་དང་། ཡུལ་སྐོར་བའི་ལྟ་སྐོར་གྱི་ཉམས་ལེན་མཐོ་རུ་གཏོང་ཆེད། བོད་ལྗོངས་གཡག་རྟེན་མཛོད་གླིང་གིས་རྟེན་མཛོད་གླིང་ནང་གི་ཐོན་ཁུངས་དང་གསར་དུ་བཏོད་པའི་དྲིལ་བསྒྲགས་བྱ་ཐབས་ལ་བརྟེན་ནས།ཆེད་ལས་ཅན་གྱི་སྣེ་ཁྲིད་དཔུང་ཁག་ཅིག་བཙུགས་ཤིང་།ཁོངས་མིར་མཚོན་ན་རྟེན་མཛོད་གླིང་གི་ལས་དོན་པ་དང་དང་བླངས་པ་ཁག་ཅིག་ཡོད། ཁོང་ཚོས་རྟེན་མཛོད་གླིང་གི་འགྲེམས་ཁང་སོ་སོའི་འཛུལ་སྒོ་ཁག་དང་།གཙོ་གནད་འགྲེམས་ཁོངས་སོགས་སུ་ལས་དོན་སྒྲུབ་ཀྱི་ཡོད་ཅིང་།གཅིག་གྱུར་གྱི་གྱོན་གོས་གྱོན་ཏེ་ཕྱོགས་གཅིག་ནས་ཡུལ་སྐོར་བར་ལྟ་སྐོར་ལམ་ཐིག་གི་འཆར་འགོད་མཁོ་འདོན་བྱེད་པ་དང་འགྲེམས་དངོས་ལ་འགྲེལ་བཤད་རྒྱག་པ་སོགས་ཀྱི་ཞབས་ཞུ་བསྒྲུབས་ནས་ཡུལ་སྐོར་བར་སྔར་ལས་ལྷག་པའི་སྒོ་ནས་ལོ་རྒྱུས་རིག་གནས་ལ་རྒྱུས་ལོན་བྱེད་རོགས་བྱེད་ཀྱི་ཡོད་པ་དང་། ཕྱོགས་གཞན་ཞིག་ནས་ཁོང་ཚོས་ད་དུང་ཚུལ་མིན་གྱི་བྱ་སྤྱོད་ལ་དུས་ཐོག་ཏུ་བཀག་སྡོམ་བྱེད་པར་མ་ཟད།ད་དུང་གུས་ཞབས་དང་ལྡན་ཞིང་ངང་རྒྱུད་རིང་པོའི་སྒོ་ནས་ཡུལ་སྐོར་བ་ཚང་མར་ཤེས་དཔལ་ལྡན་པའི་ངང་ལྟ་སྐོར་བྱེད་པའི་གལ་ཆེའི་རང་བཞིན་སྒྲོག་འགྲེལ་བྱས་ནས།ཚང་མར་སྙིང་ཉེ་བའི་ཞབས་ཞུ་བསྒྲུབས་ཀྱི་ཡོད།ཚེ་རིང་སྒྲོལ་མས།ཤེས་དཔལ་ནི་ཡུལ་སྐོར་བྱེད་རིང་གི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ལྟ་བུ་ཤིག་ཡིན་པས་ ཤེས་དཔལ་དང་ཞི་མཐུན་གྱི་ཡུལ་སྐོར་ཁོར་ཡུག་ཅིག་གཏོད་ཆེད། སྤྱི་ཚོགས་ལས་རིགས་ཁག་གིས་མཉམ་དུ་འབད་བརྩོན་བྱས་ནས་ཡུལ་སྐོར་གྱི་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། འགྲེལ་བཤད་པ་དང་ཁྲིད་སྟོན་པ་ཞིག་ཡིན་པའི་ངོས་ནས།ང་ཚོས་ཡ་རབས་ལྡན་པའི་ངང་ཡུལ་སྐོར་བྱ་རྒྱུའི་དོན་སྙིང་དང་འདུ་ཤེས་འདི་དག་ཡུལ་སྐོར་བ་ཚང་མར་བརྒྱུད་སྤྲོད་བྱས་ཏེ།ཐུན་མོང་ཐོག་ཡ་རབས་དང་ཞི་མཐུན་གྱི་ཡུལ་སྐོར་ཁོར་ཡུག་ཅིག་གཏོད་རྒྱུའི་འགན་འཁྲི་ཡོད་ཅེས་བཤད།
གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་གཡག་རྟེན་མཛོད་གླིང་གི་འཛུལ་སྒོ་དང་། ཚོམས་ཆེན། འགྲེམས་ཁང་གི་བགྲོད་ལམ་སོགས་མངོན་གསལ་དོད་སར་ད་དུང་ཤེས་དཔལ་ཡུལ་སྐོར་གྱི་བརྡ་ཁྱབ་སྦྱར་ཡོད་ཅིང་།དེའི་ནང་དོན་ནང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་། ལྟ་སྐོར་གུས་སྲོལ། རིག་དངོས་སྲུང་སྐྱོང་། དེ་བཞིན་ཚད་ལྡན་གྱི་ཤེས་དཔལ་བྱ་སྤྱོད་སོགས་ཀྱི་ཤེས་བྱ་ཚུད་ཡོད།གསོན་ཉམས་དོད་པའི་གཟུགས་བརྙན་དང་པར་རིས་ཟུང་དུ་འབྲེལ་བའི་རྣམ་པའི་ཐོག་ནས།ཡུལ་སྐོར་བ་ཚོས་བློ་བདེ་བག་ཕེབས་ཀྱི་རྣམ་པའི་ཁྲོད་དུ་ཤེས་དཔལ་ལྟ་སྐོར་དང་། ཤེས་དཔལ་ཡུལ་སྐོར།རིག་གནས་མཉམ་སྤྱོད་བཅས་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་ཡོད། གཞན་ཡང་། རྟེན་མཛོད་གླིང་གིས་ད་དུང་ཁྱུག་དབྱིངས་ཨང་རྟགས་དང་སྐད་འཕྲིན་སྤྱི་རྟགས་སོགས་དྲ་ཐོག་གི་ཐབས་ལམ་སྤྱད་དེ།དྲིལ་བསྒྲགས་ཀྱི་རྣམ་པ་ཁྱབ་རྒྱ་ཆེ་རུ་བཏང་ནས་ཡུལ་སྐོར་བ་དེ་བས་མང་བས་ལྟ་སྐོར་མ་བྱས་གོང་ཤེས་དཔལ་ཡུལ་སྐོར་གྱི་གལ་ཆེའི་རང་བཞིན་ཤེས་རྟོགས་ཐུབ་པར་བྱས་ཡོད། ཡུལ་སྐོར་བ་རིག་འཛིན་གྱིས།དེ་རིང་བོད་ལྗོངས་གཡག་རྟེན་མཛོད་གླིང་དུ་ལྟ་སྐོར་དུ་ཡོང་ནས།ས་མཐོའི་མི་དམངས་དང་འབྲི་གཡག་མཉམ་དུ་གནས་པའི་འཇིག་རྟེན་ལ་བལྟས་པ་ཡིན།སྤུས་ལེགས་ཀྱི་རིག་དངོས་དང་། ཞིབ་ཅིང་ཕྲ་བའི་ལོ་རྒྱུས་དཔྱད་གཞི། མངོན་སུམ་ལྟ་བུའི་སླར་གསོ་བྱས་པའི་རྣམ་པ་བཅས་ལས་ང་ལ་མྱོང་བ་ཟང་མོ་བྱུང་ལ།དེ་བས་བོད་ཀྱི་འབྲི་གཡག་རིག་གནས་ལ་ངོས་འཛིན་ཟབ་མོ་བྱུང་། དེ་དང་ཆབས་ཅིག་རྟེན་མཛོད་གླིང་ནང་གི་རྣམ་པ་སྣ་ཚོགས་ཀྱི་ཤེས་དཔལ་ཡུལ་སྐོར་གྱི་ཁྲིད་སྟོན་ལས།ཤེས་དཔལ་ཡུལ་སྐོར་དང་ལྟ་སྐོར་བྱ་རྒྱུའི་དགོས་ངེས་ཀྱི་རང་བཞིན་དང་གལ་ཆེའི་རང་བཞིན་ཤེས་རྟོགས་བྱུང་།ངས་དང་ལེན་ཧུར་ཐག་ཞུས་ཏེ། ཕྱིས་འབྱུང་གི་ཡུལ་སྐོར་གྱི་ཁྲོད་དུ་ལག་ལེན་ཧུར་ཐག་བསྟར་རྒྱུ་ཡིན་ཞེས་བཤད།
བོད་ལྗོངས་གཡག་རྟེན་མཛོད་གླིང་གཞུང་ལས་ཁང་གི་ཀྲུའུ་རེན་ལྷ་མོས།ཕྱིས་འབྱུང་། བོད་ལྗོངས་གཡག་རྟེན་མཛོད་གླིང་གིས་ལས་ཀའི་ལམ་སྲོལ་མུ་མཐུད་དེ་ལེགས་སུ་བཏང་ནས་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་གསར་གཏོད་བྱས་ཏེ། ཤེས་དཔལ་ལྟ་སྐོར་བྱ་རྒྱུ་དེ་ཡུལ་སྐོར་བ་མི་རེ་ངོ་རེའི་རང་འགུལ་གྱི་བྱ་སྤྱོད་ཅིག་ཏུ་འགྱུར་བར་བྱ་རྒྱུ་ཡིན་ལ།རྟེན་མཛོད་གླིང་འདི་ཉིད་ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་སེམས་ཁམས་གསོ་བའི་བསམ་པའི་ཁྱིམ་གཞིས་ཤིག་ཏུ་དངོས་སུ་འགྱུར་བ་ཡང་བྱ་རྒྱུ་ཡིན།དེ་དང་དུས་མཚུངས་སུ་2025ལོའི་ལྷ་ས་གྲོང་ཁྱེར་གྱི་རིག་གནས་དང་ཡུལ་སྐོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ།ལྷ་ས་གྲོང་ཁྱེར་གྱི་རིག་གནས་དང་ཡུལ་སྐོར་དར་རྒྱས་གོང་འཕེལ་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་ཆེད་རང་ནུས་ཡོད་རྒུ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社