(པར་ངོས་དང་པོར་མཐུད)སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་མཐོང་རྗེས། ཤིང་འཛུགས་བཞིན་པའི་ལས་བྱེད་པ་དང་མང་ཚོགས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་ཡོད། ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གནང་བ་དང་། ལྕགས་ཁྱེམ་བསྣམས་ནས་ཤིང་འཛུགས་སའི་ཕྱོགས་སུ་ཕེབས་ཏེ་ཡུལ་དངོས་ཀྱི་པེ་ཅིང་གྲོང་ཁྱེར་དང་རྒྱལ་ཁབ་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་འགན་འཁུར་བློ་མཐུན་དང་། ལས་བྱེད་པ། མང་ཚོགས། ལོ་ཆུང་གདོང་ལེན་རུ་མི་བཅས་དང་མཉམ་དུ་ཤིང་འཛུགས་ཀྱི་ལས་ཀར་བྲེལ་ཡོད།
ས་རྐོ་དོང་འདྲུ་དང་ས་སྐྱོར་ས་སྣོན། ཆུ་ལེན་ཆུ་གཏོང་སོགས་གནང་ཞིང་། ཞི་ཅིན་ཕིང་གིས་བསྟུད་མར་སྒྲོན་ཤིང་དང་། ཚོས་སེར་ཤིང་། ཅུ་ལི་ཤིང་། ཤིང་སྔོན། གཡའ་ཤིང་སོགས་ཤིང་སོན་མང་པོ་བསྟུད་མར་བཙུགས་གནང་ཡོད། ཞི་ཅིན་ཕིང་གིས་ངལ་རྩོལ་གནང་ཞོར་དུ་ཕྲུ་གུ་ཚོའི་སློབ་སྦྱོང་དང་། འཚོ་བ། ངལ་རྩོལ་སྦྱོང་བརྡར་བཅས་ཀྱི་གནས་ཚུལ་བཀའ་འདྲི་གནང་ཡོད། ཁོང་གིས། མཛེས་སྡུག་ལྡན་པའི་འཚོ་བ་ནི་ཚང་མ་ངལ་རྩོལ་ལ་བརྟེན་ནས་བསྐྲུན་པ་ཞིག་ཡིན་པས། རྒྱ་ཆེའི་གཞོན་ནུ་ལོ་ཆུང་གིས་ངལ་རྩོལ་ལ་དགའ་ཞེན་དང་རང་བྱུང་ཁམས་ལ་དགའ་ཞེན་བྱེད་དགོས་པ་དང་། ཤིང་འཛུགས་ནགས་བཟོ་སོགས་སྤྱི་ཕན་བྱེད་སྒོར་ཧུར་ཐག་ཞུགས་ནས། ངལ་རྩོལ་ཁྲོད་གཟུགས་པོར་སྦྱོང་བརྡར་དང་སྙིང་སྟོབས་ཞུན་བརྡར། ཤེས་བྱ་མང་དུ་གཏོང་བ་བཅས་བྱས་ཏེ། ཀུན་སྤྱོད་དང་ཤེས་རིག གཟུགས་གཞི། མཛེས་རྩལ། ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་ཡོང་བ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད། ཤིང་འཛུགས་སའི་སའི་ཡུལ་དངོས་ཀྱི་རྣམ་པ་སྤྲོ་སེམས་ཀྱིས་ཕྱུག་ཅིང་བྲེལ་འཚུབ་ཀྱི་རྣམ་པས་ཁེངས།
ཤིང་འཛུགས་རིང་། ཞི་ཅིན་ཕིང་གིས་དེ་གར་ཡོད་པའི་ལས་བྱེད་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་གནང་ཡོད། ཁོང་གིས། མིག་སྔར་རང་རྒྱལ་གྱི་ནགས་ཚལ་ཁེབས་ཚད་བརྒྱ་ཆ་25ལས་བརྒལ་ནས་གོ་ལ་ཧྲིལ་པོར་གསར་སྣོན་སྔོ་ཁེབས་རྒྱ་ཁྱོན་བརྒྱ་ཆ་25ཙམ་ལེགས་སྐྱེས་ཕུལ་ཡོད། རྒྱུན་མཐུད་འབད་བརྩོན་བྱས་པ་བརྒྱུད། ཐ་ཁེ་ལ་མཱ་ཀན་བྱེ་ཐང་ལ་སྐེ་དཀྲིས་ལྗང་ཁུ་དཀྲིས་པ་ལྟ་བུ་ཡོང་ཐུབ་པ་དང་། ཁོར་ཆིན་བྱེ་ཐང་དུ་རྩྭ་ཐང་གི་མཛེས་ལྗོངས་སླར་ཡང་མངོན་མུས་ཡིན། གྲུབ་འབྲས་དེ་ལྟ་བུ་ནི་ལས་སླ་པོར་ཐོབ་པ་ཞིག་མིན། འབྱུང་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་དེས་མི་དམངས་མང་ཚོགས་ལ་ཆེས་ཐད་ཀར་དང་ཆེས་མངོན་སུམ་གྱི་མྱོང་ཚོར་བྱུང་ཡོད། དེ་དང་དུས་མཚུངས། རང་རྒྱལ་གྱི་ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་ཀྱི་སྤྱི་འབོར་སྔར་བཞིན་མི་འདང་བ་དང་སྤུས་ཚད་དང་ཕན་འབྲས་ད་དུང་མཐོ་པོ་མེད་པ་མཐོང་ཐུབ་པ་བྱ་དགོས། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ཏེ། ལོ་རེ་ལས་ལོ་རེར་ཡག་པ་ཡོང་རྒྱུར་བརྩོན་ལེན་བྱ་དགོས་ཞེས་གསུངས་ཡོད།
ཞི་ཅིན་ཕིང་གིས་མེས་རྒྱལ་སྔོ་ལྗང་ཅན་དུ་འགྱུར་བར་ངེས་པར་དུ་སྔོ་ལྗང་རྒྱ་སྐྱེད་དང་། སྔོ་ལྗང་དར་སྤེལ། སྔོ་ལྗང་སྲུང་སྐྱོང་བཅས་ལྗང་གསུམ་ལ་མཐོང་ཆེན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ནགས་ཚལ་གྱི་ཆུ་མཛོད་དང་། དངུལ་མཛོད། འབྲུ་མཛོད། ཐཱན་མཛོད་བཅས་མཛོད་བཞི་ཡི་ནུས་པ་མཉམ་དུ་འདོན་རྒྱུར་སྐུལ་འདེད་གཏོང་དགོས། སྤུས་ཚད་ལེགས་སུ་གཏོང་རྒྱུར་སྔར་བས་མཐོང་ཆེན་བྱས་ཏེ། ནགས་ཚལ་གྱི་གྲུབ་གཞི་ལེགས་སུ་གཏོང་བ་དང་། ནགས་ཚལ་གཉེར་སྐྱོང་ལེགས་པོ་བྱེད་པ། རྩྭ་ཐང་གི་འབྱུང་ཁམས་སྤུས་ཚད་ཀྱང་དུས་མཉམ་དུ་མཐོ་རུ་གཏོང་དགོས། ལས་རིགས་དར་སྤེལ་གཏོང་རྒྱུར་སྔར་བས་མཐོང་ཆེན་བྱས་ཏེ། སྒྱུར་བཅོས་ཀྱི་བྱེད་ཐབས་མང་ཙམ་སྤྱད་དེ་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ལ་གསོན་ཤུགས་རྒྱས་པར་བྱས་ཐོག ནགས་ཚལ་དང་རྩྭ་ཐང་ཐོན་ལས་སྟོབས་ཆེར་གཏོང་དགོས། དམངས་ཕན་ལ་སྔར་བས་མཐོང་ཆེན་བྱས་ཏེ། མང་ཚོགས་ཉེ་འགྲམ་གྱི་ལྗང་མདོག་དང་མིག་མདུན་གྱི་མཛེས་སྡུག་མང་དུ་གཏོང་བ་དང་། ནགས་ཚལ་དང་རྩྭ་ཐང་གི་ལས་ཞུགས་འབབ་འཕར་གྱི་བར་སྟོང་རྒྱ་སྐྱེད་གཏོང་དགོས་ཞེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས་འོས་འགན་ཤིང་འཛུགས་ནི་དམངས་ཡོངས་ཀྱི་བྱ་སྤྱོད་ཅིག་ཡིན་པས། མི་རབས་ནས་མི་རབས་བར་རྒྱུན་མཐུད་དགོས། འགན་འཁྲིའི་འདུ་ཤེས་ཆེ་རུ་གཏོང་བ་དང་། ཐེ་ཞུགས་བྱེད་སྟངས་གསར་གཏོད་བྱེད་པ། ཞབས་ཞུའི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། བྱེད་སྒོ་འདི་ཏན་ཏིག་ངང་སྤེལ་ནས་ནགས་བཟོ་སྔོ་ལྗང་གི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
པེ་ཅིང་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་དོན་ཨུ་ཡོན་སོགས་ཤིང་འཛུགས་བྱེད་སྒོར་ཞུགས་ཡོད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社