ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན། གསར་འགོད་པར་ལྕགས་ལམ་གྱི་12306མ་ལག་གི་ཚན་རྩལ་གསར་གཏོད་ལྟེ་གནས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་གི་སྐྱེལ་འདྲེན་དེ་ཟླ་4ཚེས་3ཉིན་ནས་ཟླ་4ཚེས་7ཉིན་བར་ཡིན་པ་དང་།དུས་ཡུན་ཉིན་5ཡིན་ཞིང་། སྔོན་དཔག་བྱས་ན་ཟླ་4ཚེས་4ཉིན་ནི་འགྲུལ་པ་མང་ཤོས་ཀྱི་དུས་མཚམས་ཡིན། ཟླ་3ཚེས་20ཉིན་ནས་དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་གི་མེ་འཁོར་སྤ་སེ་བཙོངས་པ་ནས་བཟུང་། ཟླ་3ཚེས་25ཉིན་གྱི་ཆུ་ཚོད་10པ་བར་ལྕགས་ལམ་ཚན་པས་རིམ་རྩིས་བྱས་ན་དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་གི་མེ་འཁོར་སྤ་སེ་ཁྲི་1613ལྷག་ཙམ་བཙོངས་ཟིན་པར་མ་ཟད། ལྕགས་ལམ་གྱི་12306མ་ལག་གི་འཁོར་སྐྱོད་བདེ་འཇགས་ཀྱང་བརྟན་པོ་བྱུང་ཡོད།
ལྕགས་ལམ་གྱི་12306མ་ལག་གི་ཚན་རྩལ་གསར་གཏོད་ལྟེ་གནས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་སྤ་སེ་བཙོངས་པའི་གནས་ཚུལ་ལ་བལྟས་ན། དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་འགྲུལ་པ་ཕྱིར་སྐྱོད་པའི་འདུན་པ་ཧ་ཅང་ཆེ་ཞིང་། དུས་ཆེན་གྱི་མགོ་དང་མཇུག་ལ་འགྲུལ་རྒྱུན་མང་བ་དང་། ངལ་གསོའི་རིང་གི་ལམ་ཐག་འབྲིང་ཐུང་གི་འགྲུལ་རྒྱུན་གྱི་དགོས་མཁོ་ཆེ་བ་བཅས་ཡོད། ཐོན་སའི་གྲོང་ཁྱེར་གྱི་གྲས་སུ་པེ་ཅིང་དང་། ཧྲང་ཧའེ། ཀོང་ཀྲོའུ། ཝུའུ་ཧན། ཧང་ཀྲོའུ། ནན་ཅིང་། ཧྲེན་ཀྲེན། ཁྲེང་ཏུའུ། ཁྲང་ཧྲ། ཀྲེང་ཀྲོའུ་བཅས་ཡོད་པ་དང་། འབྱོར་སའི་གྲོང་ཁྱེར་གྱི་གྲས་སུ་པེ་ཅིང་དང་། ཀོང་ཀྲོའུ། ཧྲང་ཧའེ། ཧྲེན་ཀྲེན། ཁྲེང་ཏུའུ། ཧང་ཀྲོའུ། ཝུའུ་ཧན། ནན་ཅིང། ཞི་ཨན། ཀྲེང་ཀྲོའུ་བཅས་ཡོད་ཅིང་། ཀོང་ཀྲོའུ་ནས་ནན་ཉིང་བར་དང་། པེ་ཅིང་ནས་ཧྲང་ཧའེ་བར། ཞི་ཨན་ནས་ཁྲེང་ཏུའུ་བར། ཝུའུ་ཧན་ནས་ཁྲང་ཧྲ་བར། པེ་ཅིང་ནས་ཧྲེན་དབྱང་བར། པེ་ཅིང་ནས་ཐའེ་ཡོན་བར། པེ་ཅིང་ནས་ཞི་ཨན་བར། པེ་ཅིང་ནས་ཀྲེང་ཀྲོའུ་བར། པེ་ཅིང་ནས་ཅི་ནན་བར་སོགས་གཙོ་གནད་ཁུལ་དུ་འགྲུལ་རྒྱུན་ཅུང་མང་པོ་ཡོད།
འགན་འཁུར་བས་དྲན་སྐུལ་བྱས་དོན། དྭངས་གསལ་དུས་ཚིགས་ཀྱི་ངལ་གསོའི་རིང་། འགྲོ་མང་བའི་ས་གནས་དང་དུས་མཚམས་ཁག་ཅིག་ཏུ་འགྲུལ་རྒྱུན་ཅུང་མང་ཞིང་།མེ་འཁོར་སྤ་སེ་ཅུང་དཀོན་པས་འགྲུལ་པས་ལྕགས་ལམ་གྱི་12306མ་ལག་གི་རྗེས་སྣོན་སྤ་སེ་ཉོ་བའི་ནུས་པ་བེད་སྤྱོད་ཆོག་ཅིང་།མང་ཤོས་ལ་རིམ་རྩིས་བྱས་ན་ཚེས་གྲངས་དང་མེ་འཁོར་ཐེངས་གྲངས་ཟུང་དུ་འབྲེལ་བའི་སྡེབ་སྒྲིག་60གདམ་ག་བྱེད་ཆོག་པ་དང་། གནས་སྐབས་གསར་སྣོན་བྱས་པའི་འགྲུལ་པའི་མེ་འཁོར་གྱི་སྡོད་ས་དང་། སྤ་སེ་ཕྱིར་སློག་བྱས་པའི་སྡོད་ས་རྗེས་སྣོན་མངགས་ཐོ་བཀོད་མཁན་གྱི་འགྲུལ་པར་སྔོན་ལ་བཙོང་གི་ཡོད། གལ་ཏེ་ཐད་ཀར་འབྱོར་བའི་མེ་འཁོར་གྱི་སྤ་སེ་མེད་ཚེ།ལྕགས་ལམ་གྱི་12306མ་ལག་གི་མེ་འཁོར་གཅིག་པའི་མཇུག་མཐུད་པ་དང་། ལམ་བར་དུ་མེ་འཁོར་བརྗེ་བ། མཉམ་བགྲོད་མེ་འཁོར་སྤ་སེ་ཉོ་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཕྱིར་སྐྱོད་བྱེད་ཆོག་གི་ཡོད། མིག་སྔར། རྒྱལ་ཡོངས་ཀྱི་ལྕགས་ལམ་འབབ་ཚུགས་120ཡི་ལམ་བར་དུ་བདེ་བླག་ངང་འགྲུལ་པ་བརྗེ་སྡོད་བྱེད་ཆོག་གི་ཡོད། དེ་དང་དུས་མཚུངས་སུ་ལྕགས་ལམ་ཚན་པས་ལྕགས་ལམ་གྱི་12306མ་ལག་ཐོག་ནས་མེ་འཁོར་སྤ་སེ་སྔོན་ཚོང་དང་རྗེས་སྣོན་སྤ་སེ་ཉོ་བའི་གྲངས་གཞི་གཞིར་བཟུང་། དུས་ཐོག་ཏུ་ཀུན་གྱིས་དོ་སྣང་བྱེད་པའི་ས་གནས་ཀྱི་མེ་འཁོར་མང་དུ་བཏང་ནས་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་སྟེ། འགྲུལ་པའི་ངལ་གསོའི་རིང་གི་ཕྱིར་སྐྱོད་ཀྱི་དགོས་མཁོ་བསྐང་རྒྱུ་རེད། ཟླ་4ཚེས་1ཉིན་ནས་བཟུང་། དགུང་ལོ་60ལ་སླེབས་པའི་རྒན་རྒོན་གྱི་ཚོགས་མི་མེ་འཁོར་ནང་བསྡད་ན་སྤ་སེའི་རིན་གོང་གི་ལྡབ་15ཡི་ཆ་བསགས་གཟིགས་སྐྱོང་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། མེ་འཁོར་ནང་བསྡད་ཚེ་ཆ་བསགས་སྐར་གྲངས་ཀྱིས་མེ་འཁོར་གྱི་སྤ་སེ་བརྗེ་ཆོག་གི་ཡོད། (ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社