ཀྲུང་གོའི་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས“གསང་
གྲངས་མི་དགོས་པའི་གཏོང་སྤྲོད”ལ་དོགས་ཟོན་
བྱེད་དགོས་ཞེས་དྲན་སྐུལ་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན་ཀྲུང་གོའི་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་འཛད་སྤྱོད་པར་དྲན་སྐུལ་ཞིག་ཁྱབ་བསྒྲགས་བྱས་ཡོད། དེའང་ཉེ་དུས“གསང་གྲངས་མི་དགོས་པའི་གཏོང་སྤྲོད”ཀྱི་ལག་རྩལ་ལ་བརྟེན་ནས་རྩིས་ཁྲའི་མ་དངུལ་གཞན་གྱིས་བརྐུས་པའི་སྐོར་གྱི་འཛད་སྤྱོད་པའི་ཞུ་གཏུགས་གཅིག་རྗེས་གཉིས་མཐུད་ངང་འབྱོར་ཡོད་པས། འཛད་སྤྱོད་པས“གསང་གྲངས་མི་དགོས་པའི་གཏོང་སྤྲོད”ཀྱི་ལག་རྩལ་ལ་དོགས་ཟོན་ཆེར་སྐྱེད་བྱས་ཏེ། མ་དངུལ་གྱི་གྱོང་གུན་མི་ཕོག་པར་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།
“གསང་གྲངས་མི་དགོས་པའི་གཏོང་སྤྲོད”ལག་རྩལ་ལ་བརྟེན་ནས་རྩིས་ཁྲའི་མ་དངུལ་གཞན་གྱིས་ཇི་ལྟར་རྐུ་གིན་ཡོད་ཅེ་ན། “གསང་གྲངས་མི་དགོས་པའི་གཏོང་སྤྲོད”ཞེས་པ་ནི“གསང་བའི་ཨང་གྲངས་མི་དགོས་པར་མ་དངུལ་གཞན་ལ་བསྐུར་བ”ལ་ཟེར་ཞིང་། དེ་ནི་གཏོང་སྤྲོད་ལས་སྟེགས་ཁག་ཅིག་གམ་ཡང་ན་མཉེན་ཆས་ཁག་ཅིག་གིས་དངུལ་གཏོང་སྤྲོད་ཀྱི་སྟབས་བདེའི་རང་བཞིན་ཆེ་རུ་གཏོང་ཆེད་བཏོན་པའི་ལག་རྩལ་ཞིག་ཡིན།
ངོ་སྤྲོད་བྱས་པར་གཞིགས་ན། ལག་རྩལ་དེ་ནི་ཁྲིམས་འགལ་བས་སྤྱད་ཚེ་བདེ་འཇགས་ཐད་རྐྱེན་ངན་ཐོན་གྱི་ཡོད། དཔེར་ན། ཁ་པར་བོར་བརླག་ཏུ་སོང་བའམ་ཡང་ན་རྩིས་ཁྲའི་ཨང་གྲངས་ཕྱིར་གྱར་སྐབས། གལ་ཏེ་མི་གཞན་ལ་རྩིས་ཁྲའི་ཨང་གྲངས་སམ་ཡང་ན་སྒྲིག་ཆས་རག་ཚེ། “གསང་གྲངས་མི་དགོས་པའི་གཏོང་སྤྲོད”ཀྱི་ལག་རྩལ་ལ་བརྟེན་ནས་ཐད་ཀར་འཛད་སྤྱོད་བྱེད་ཆོག་པའམ་ཡང་ན་རྟོག་བཟོའི་ཞབས་ཞུ་ཉོ་ཆོག་པར་མ་ཟད། བསྐྱར་དུ་གསང་གྲངས་ལ་བརྟེན་ནས་ར་སྤྲོད་བྱེད་དགོས་ཀྱི་མེད། ལས་སྟེགས་ཁག་ཅིག་གིས་གསང་གྲངས་མི་དགོས་པའི་གཏོང་སྤྲོད་ཀྱི་དངུལ་གྲངས་ལ་ཚད་གཞི་མཐོན་པོ་བཟོས་ཡོད་མོད། འོན་ཀྱང་དུས་ཚོད་ཐུང་ངུའི་ནང་དངུལ་གྲངས་ཉུང་ཉུང་གཏོང་སྤྲོད་ཐེངས་མང་ཐུབ་པའི་གཡོ་སྤྱོད་ཉོ་ཚོང་གིས་དཔལ་འབྱོར་ལ་གྱོང་གུན་ཆེན་པོ་བཟོ་སྲིད། གཡོ་སྤྱོད་ཉོ་ཚོང་གི་གསང་བའི་རང་བཞིན་ཆེ་བས། རྒྱུན་དུ་གཏོང་སྤྲོད་ལས་སྟེགས་དང་སྦྲེལ་བའི་རྟོག་བཟོའི་ཞབས་ཞུ་དཔེར་ན་ཁ་པར་གྱི་རོལ་རྩེད་སོགས་ལ་དངུལ་སྤྲད་པ་འཛད་སྤྱོད་པས་རྟོགས་སྐབས་དངུལ་མང་པོ་འཐེན་ཟིན་གྱི་ཡོད།
རྐུ་རྒྱག་པའི་ཉེན་ཁ་ཇི་ལྟར་ཆུང་དུ་གཏོང་དགོས་པའི་ཐད། ཀྲུང་གོའི་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་གྲོས་འགོ་བཏོན་དོན། དགོས་པ་མེད་ན“གསང་གྲངས་མི་དགོས་པའི་གཏོང་སྤྲོད”ཞེས་པའི་སྒོ་མི་འབྱེད་པ་དང་། གཏོང་སྤྲོད་འབོ་དང་སྐད་འཕྲིན། དངུལ་ཁང་གཱ་བཅས་དང་སྦྲེལ་མིན་ཞིབ་བཤེར་བྱེད་དགོས་པ་དང་། དུས་བཀག་ལྟར་དབང་བཅོལ་གྱི་མཉེན་ཆས་ལ་ཞིབ་བཤེར་བྱས་ནས། རྒྱུན་དུ་མི་སྤྱོད་པའམ་ཡང་ན་ཡིད་ཆེས་མེད་པའི་ཕྱོགས་གསུམ་པའི་མཉེན་ཆས་ཀྱི་གཏོང་སྤྲོད་དབང་ཆ་མེད་པར་བཟོ་དགོས་པ། རྒྱུན་དུ་རྩིས་ཁྲར་ཞིབ་བཤེར་བྱེད་པའི་གོམས་གཤིས་འཇགས་པར་བྱས་ཏེ་དུས་ཐོག་ཏུ་རྩིས་ཁྲའི་བརྡ་ཐོར་བལྟས་ནས་ཁ་གསལ་མིན་པའི་འཛད་སྤྱོད་ཤེས་ཚེ་འཕྲལ་དུ་ཞིབ་བཤེར་བྱེད་དགོས་པར་མ་ཟད། དུས་བཀག་ལྟར་མངགས་ཉོའི་ཞབས་ཞུར་ཞིབ་བཤེར་བྱས་ཏེ་རིན་པ་རང་བཞིན་དུ་འཐེན་པའི་དགོས་མེད་ཀྱི་རྣམ་གྲངས་མེད་པར་བཟོ་དགོས།
གལ་ཏེ་བརྐུས་པ་ཤེས་རྗེས་ཇི་ལྟར་བྱེད་དགོས་མིན་ཐད། ཀྲུང་གོའི་འཛད་སྤྱོད་པའི་མཐུན་ཚོགས་ཀྱིས་གྲོས་འགོ་བཏོན་དོན། གལ་ཏེ་རྩིས་ཁྲར་རྒྱུན་གཏན་མིན་པའི་སྣང་ཚུལ་ཐོན་པ་ཤེས་ཚེ། འཕྲལ་མར་གཏོང་སྤྲོད་ཐབས་ལམ་གྱི་སྒོ་རྒྱག་དགོས་པ་དང་། དངུལ་ཁང་དང་གཏོང་སྤྲོད་འབོའམ་ཡང་ན་སྐད་འཕྲིན་སོགས་བརྒྱུད་ནས་འབྲེལ་ཡོད་རྩིས་ཁྲའི་སྒོ་འཕྲལ་མར་བརྒྱབ་ནས་མུ་མཐུད་དངུལ་འཐེན་རྒྱུའི་ཐད་བཀག་འགོག་བྱེད་དགོས། དེ་དང་ཆབས་ཅིག་བརྐུས་པའི་དཔང་རྟགས་ཉར་ཚགས་བྱས་ཏེ་གཏོང་སྤྲོད་ལས་སྟེགས་ལ་ཞུ་གཏུགས་རྒྱག་དགོས། གལ་ཏེ་གྱོང་གུན་ཆེ་ཙམ་བྱུང་ན་དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་ལ་གྱོད་དོན་སྙན་སེང་ཞུ་དགོས། གལ་ཏེ་འཛད་སྤྱོད་རྩོད་གཞི་འཕྲད་ཚེ། “རྒྱལ་ཡོངས་འཛད་སྤྱོད་པའི་མཐུན་ཚོགས་ཀྱི་རིག་ལྡན་315”ཡི་ལས་སྟེགས་བརྒྱུད་ནས་ཁེ་དབང་ལ་སྲུང་སྐྱོང་བྱེད་ཆོག
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社