分享按钮

འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་གྱིས“3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ།

པར་འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་3ཚེས་25ཉིན་ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་། འདམ་གཞུང་རྫོང་ཨུད་དྲིལ་བསྒྲགས་པུའུ། འདམ་གཞུང་རྫོང་རིག་གནས་ཡུལ་སྐོར་ཅུས་བཅས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་ཤིང་། ཡངས་པ་ཅན་གྲོང་རྡལ་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་སུའོ(ས་ཚིགས)ཡིས་སྒྲུབ་འགན་འཁུར་བའི“གངས་ལྗོངས་ཀྱི་དཔྱིད་རླུང་བྱང་ཐང་དུ་ལྡང་། མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་ཏང་ལ་འབུལ”ཞེས་པ་དང་འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་གྱིས“3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་ཡངས་པ་ཅན་གྲོང་རྡལ་ཟམ་པ་གསར་སྡེ་ཁུལ་གྲོང་མི་ཨུ་ལྷན་དུ་སྤེལ་བ་དང་། ལས་བྱེད་པ་དང་མང་ཚོཊ་མཉམ་དུ་འཛོམས་ནས་གླུ་ལེན་གར་འཁྲབ་ངང་རླབས་ཆེན་མེས་རྒྱལ་ལ་བསྟོད་གླུ་བླངས་ཤིང་སྐྱིད་པའི་འཚོ་བ་གསར་པར་བསྔཊ་བརྗོད་བྱས་ཡོད།

ཟླ་གསུམ་པའི་འདམ་གཞུང་གི་རྩྭ་ཐང་ལ་དཔྱིད་རླུང་སིལ་སིལ་དུ་ལྡང་བས་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་གསོན་ཤུགས་ཀྱིས་ཡོངས་སུ་ཕྱུག ཟམ་པ་གསར་སྡེ་ཁུལ་གྲོང་མི་ཨུ་ལྷན་ཀྱི་སྒོ་རའི་ནང་བཀྲ་ཤིས་གཡང་ཆགས་ཀྱི་རྣམ་པས་ཁེངས་ཤིང་། དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་པའི་འབྲོག་པ་མང་ཚོགས་ཕྱོགས་བཞི་མཚམས་བརྒྱད་ནས་འདི་གར་འཛོམས་ཏེ། སེམས་འགུལ་ཆེན་པོ་ཐེབས་པའི་སྒོ་ནས“3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་རྟེན་འབྲེལ་ཞུ་བའི་བྱེད་སྒོར་ཞུགས་ཏེ། བོད་ལྗོངས་ཀྱི་མི་དམངས་ལ་དབང་བའི་དུས་ཆེན་དེར་རྟེན་འབྲེལ་ཞུས་ཡོད།

ཟམ་པ་གསར་སྡེ་ཁུལ་རིག་རྩལ་རུ་ཁག་གིས་འཁྲབ་པའི་ཞབས་བྲོ《བསྐལ་པ་བཟང་བའི་བསྟོད་གླུ》ཞེས་པའི་ཁྲོད་དུ་བྱེད་སྒོ་དེ་འགོ་ཚུགས་པ་དང་། འབྲོག་པ་མང་ཚོགས་ཀྱིས་གླུ་ལེན་གར་འཁྲབ་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་མཚོན་པར་བྱས་ཤིང་། ཐོན་སྐྱེད་ཀྱི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་ཡང་གསལ་བཤད་བྱས་ཏེ། རླབས་ཆེན་གྱི་མེས་རྒྱལ་ལ་བཅངས་པའི་དགའ་ཞེན་དང་། ནམ་ཡང་ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་མངོན་པར་བྱས་ཡོད། ཟམ་པ་གསར་སྡེ་ཁུལ་གྱི་ཚོགས་ཆུང་དྲུག་པའི་མང་ཚོགས་བཀྲ་ཤིས་དབང་ཕྱུག་གིས་སེམས་འགུལ་ཆེན་པོ་ཐེབས་པའི་སྒོ་ནས། 1959ལོའི་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་དུ། ང་ཚོའི་གྲོང་ཚོའི་བགྲོད་ལམ་སོགས་རྨང་གཞིའི་སྒྲིག་བཀོད་ཧ་ཅང་རྗེས་ལུས་ཡིན་པ་དང་། ལོ་ངོ་66ཕྱིན་པའི་ད་ཆ། ཕ་ཡུལ་གྱི་རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ལ། འགྲིམ་འགྲུལ་དང་། སློབ་གསོ། སྨན་བཅོས་འགན་སྲུང་སོགས་ཕྱོགས་གང་སར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་དགའ་འོས་པའི་འགྱུར་ལྡོག་བྱུང་བས། མང་ཚོགས་ཀྱི་འཚོ་བ་ཡང་ཇེ་ལེགས་སུ་འགྲོ་བཞིན་ཡོད། ང་ཚོས་ནམ་ཡང་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་ངེས་ནས་ནམ་ཡང་ཏང་གི་རྗེས་སུ་འབྲངས་ཏེ། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བར་རོལ་རྒྱུ་ཡིན་ཞེས་བཤད།

དུས་ཡུན་ཆུ་ཚོད་གཉིས་རིང་གི་རིག་རྩལ་འཁྲབ་སྟོན་ལེ་ཚན་གྱི་ནང་དོན་ཕུན་སུམ་ཚོཊ་ཤིང་རྣམ་པ་གསར་པ་ཡིན་པས་ཡུལ་དངོས་སུ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད། ཞབས་བྲོ《ཏང་གི་འོད་ཟེར་ང་ཡི་སེམས་སུ་འཕྲོས》དང་། 《ཏང་ལ་བསྟོད་གླུ་འབུལ》 《སྐྱིད་པའི་བྱང་ཐང》བཅས་དང་། རྐྱང་གཞས《ཨ་མའི་པང་དུ》 《ཡང་བསྐྱར་གླུ་ཞིག་བླངས་ནས་ཏང་ལ་འབུལ》ཞེས་པ་སོགས་ཀྱིས་བརྗོད་དོན་གཙོ་བོ་གླུ་རུ་བཀུག་ནས་དྲང་ཕྱོགས་ཀྱི་ནུས་པ་དར་འཕེལ་བཏང་ཡོད། དེ་ལས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་འབྲོག་ཁུལ་གྱི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འབྲོག་པ་མང་ཚོགས་ཀྱི་སྐྱིད་པའི་འཚོ་བ་གསར་པ་བཅས་གང་ལེགས་མངོན་ཡོད། སྙན་འཇེབས་ལྡན་པའི་གླུ་དབྱངས་དང་སྟངས་སྟབས་ལེགས་པའི་ཞབས་བྲོ་ཕུད། ད་དུང་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་འཁྲབ་ཚན་ཐུང་གྲས་དང་།དགོད་བྲོའི་གཏམ་གླེང་། ཤེས་བྱའི་དྲི་བ་དྲིས་ལན་སོགས་ཀྱི་ལེ་ཚན་ཀྱང་ཡོད་པས། ཡུལ་དངོས་སུ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད། འདི་ལྟ་བུའི་རྣམ་པར་བརྟེན་ནས་འགྲིམ་འགྲུལ་གྱི་ཤེས་དཔལ་ཤེས་བྱ་ཁྱབ་གདལ་དུ་བཏང་ཞིང་། ཤེས་དཔལ་གྱི་སྤྱོད་ཚུལ་གསར་པ་བཏོད་དེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མི་དམངས་ཀྱི་སེམས་སུ་གཏིང་ཟབ་འཇགས་པར་སྐུལ་འདེད་བཏང་ཡོད། ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་མི་བཀྲ་ཤིས་ཟླ་བས། བྱེད་སྒོ་འདིས་གྲོང་རྡལ་ཡོངས་ཀྱི་མང་ཚོགས་ཀྱིས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་ད་ལྟའི་མཛེས་སྡུག་ལྡན་པའི་འཚོ་བར་གཅེས་སྤྲས་བྱ་རྒྱུར་སྔར་བས་སྐུལ་མ་གཏོང་རྒྱུའི་རེ་བ་ཡོད་ལ། རྒྱ་ཆེའི་མང་ཚོགས་ལ་ཏང་དང་སྲིད་གཞུང་གི་སེམས་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པར་བྱས་ནས་ཡངས་པ་ཅན་གྲོང་རྡལ་གྱི་ལས་དོན་ཁག་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡང་ཡོད་ཅེས་བཤད།

བྱེད་སྒོ་སྤེལ་ཡུལ་དུ་གཙོ་གཉེར་ཚན་པས་ད་དུང་བོད་ལྗོངས་གཞོང་པ་ལྷ་ཆུ་བོད་སྨན་ཚད་ཡོད་ཀུང་སི་དང་བོད་ལྗོངས་གནས་གྲོང་ཁང་མིང་མིག་ནད་ཚན་ཁག་གདན་འདྲེན་ཞུས་ནས་འོས་འགན་སྨན་བཅོས་དང་། སྨན་སྐྱེལ་བ། རིན་མེད་ངང་མིག་ཤེད་ལྟ་བ། སྐྱ་འགྲིབ་བརྟག་བཤེར།མིག་ཤེལ་འབུལ་བ་སོགས་ཀྱི་ཞབས་ཞུ་བསྒྲུབས་ཏེ། ཏང་གི་ཐུགས་ཁུར་དང་སྤྱི་ཚོཊ་ཀྱི་དྲོ་སྐྱིད་མང་ཚོགས་ལ་སྦྱིན་ཡོད། བོད་ལྗོངས་གནས་གྲོང་ཁང་མིང་མིག་ནད་ཚན་ཁག་གི་སྤྱི་ཁྱབ་སྤྱི་གཉེར་ལིའུ་ཅིན་གྱིས། བྱེད་སྒོའི་ཁྲོད་ང་ཚོས་མང་ཚོགས་ལ་སྐྱ་འགྲིབ་ཞིབ་བཤེར་གྱི་སྤྱི་ཕན་རྣམ་གྲངས་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་ཡོད། རྒྱུན་ལྡན་འཚོ་བའི་ཁྲོད་དུ་མང་ཚོགས་ལ་སྟབས་བདེ་སྐྲུན་ཐུབ་པའི་རེ་བ་ཡོད་ཅེས་བཤད།

ཡངས་པ་ཅན་གྲོང་རྡལ་ཟམ་པ་གསར་སྡེ་ཁུལ་གྱི་ཧྲུའུ་ཅི་དང་པོ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཝང་ཁའེ་ཡིས། ད་ཐེངས་ཀྱི་བྱེད་སྒོའི་ནང་ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་དང་རྫོང་གི་འབྲེལ་ཡོད་སྡེ་ཚན་གྱིས“གཞི་རིམ་དུ་སླེབས་པ་བཞིའི”བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་སྨན་བཅོས་བྱེད་པ་དང་། སྨན་སྤྲོད་པ། སྲིད་ཇུས་སྒྲོག་པ། ཞབས་ཞུ་སྒྲུབ་པ་བཅས་བྱས་ཡོད་པས། ང་ཚོའི་གྲོང་གསེབ་དར་རྒྱས་ཁྱོན་ཡོངས་ནས་མངོན་འགྱུར་ཡོང་བར་སྒུལ་ཤུགས་ཆེན་པོ་འདོན་སྤྲོད་བྱས་ཡོད་ཅེས་བཤད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-27 6 6 拉萨日报藏文 c198649.html 1 འདམ་གཞུང་རྫོང་ཡངས་པ་ཅན་གྲོང་རྡལ་གྱིས“3·28”བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ། /enpproperty-->