分享按钮

(པར་ངོས་དང་པོར་མཐུད)རྒན་རྒོན་ལ་ཞབས་འདེགས་ཞུ་བ། བདེ་འཇགས་ལ་གནོད་པའི་རྐྱེན་ངན་གྲལ་བཤེར་བྱེད་པ་བཅས་ནི་ཁོང་ཚོའི་རྒྱུན་གཏན་གྱི་ལས་དོན་ཞིག་ཏུ་གྱུར་ཡོད། ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་བསྟན་རྒྱས་གླིང་སྡེ་ཁུལ་གྱི་དྲ་མིག་པ་ཚོས་ལུས་ལ་ཕུ་ཐུང་མེད་པའི་སྟོད་གོས་དམར་པོ་གྱོན་པ་དང་ལག་ཏུ་ཟིན་བྲིས་དེབ་ཁྱེར་ནས་ཁྲོམ་གཞུང་དང་། སྲང་ལམ། གྲོང་མིའི་སྒོ་ར་བཅས་སུ་ཕར་འགྲོ་ཚུར་འོང་བྱས་ནས་གྲོང་མིའི་ལས་དོན་སྒྲུབ་བཞིན་ཡོད།

བསྟན་རྒྱས་གླིང་སྡེ་ཁུལ་ཤེས་དཔལ་སྒོ་རའི“ཞོགས་ཇའི་དོན་གྲོས་ཁང”དུ་དྲ་མིག་ལས་དོན་པ་དང་གྲོང་མི་ཚོ་མཉམ་དུ་འཛོམས་ནས་གསོལ་ཇ་མངར་མོ་མཆོད་ཞོར་དུ་ཅི་འཕྲོས་མོལ་འཕྲོས་ངང་སྡེ་ཁུལ་གྱི་ལས་དོན་ལ་གྲོས་བསྡུར་བྱེད་པའི་རྣམ་པ་ཧ་ཅང་ཡག་པོ་ཡོད། འདི་གར་ཚང་མས་ཅི་འཕྲོས་མོལ་འཕྲོས་ཀྱི་རྣམ་པའི་ཐོག་ནས་འགལ་ཟླ་དང་རྩོད་གཞི་དང་། གྲོང་མིའི་རེ་ཞུ། བསམ་འཆར་དང་གྲོས་འགོ་སོགས་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མཚོན་པར་བྱས་ཡོད། ཅི་འཕྲོས་མོལ་འཕྲོས་བྱེད་སྐབས་ཚང་མས་དོན་དག་ལ་གྲོས་བསྡུར་དང་། བསམ་འཆར་འདོན་པ། བྱ་ཐབས་འདྲི་བ།ཁ་གཏད་གཅོག་ཐབས་གླེང་བ་བཅས་བྱས་ཏེ་འགལ་བ་དང་རྩོད་གཞི་སྣ་ཚོགས་ཐོན་མ་ཐག་ནས་སེལ་བ་དང་། གཞི་རིམ་གྱི་འཐབ་ཕྱོགས་དང་པོར་སེལ་བཞིན་ཡོད། ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་བསྟན་རྒྱས་གླིང་སྡེ་ཁུལ་གྱི་གྲོང་མི་ལྷག་སྒྲོན་གྱིས་ཞོགས་ཇའི་དོན་གྲོས་ཁང་བཙུགས་པ་ནས་བཟུང་།ང་ཚོས་ཇ་ལ་བརྟེན་ནས་བཅོས་སྐྱོང་བྱེད་སྟངས་གསར་གཏོད་བྱས་ཏེ།འགལ་ཟླ་འདུམ་འགྲིག་དང་དམངས་འདོད་འཚོལ་བསྡུ་དེ་རྒྱུན་གཏན་འཚོ་བའི་ནང་མཉམ་འདྲེས་ཐུབ་པར་བྱས་ཡོད། དེས་ང་ཚོར་ཕན་ཐོགས་ཆེན་པོ་ཡོད་པར་མ་ཟད། ཁྱིམ་མཚེས་དབར་ཡང་སྔར་བས་མཐུན་སྒྲིལ་དང་མཛའ་མཐུན་བྱུང་ནས་ཇའི་དྲི་ཞིམ་ལས་གཞི་རིམ་བཅོས་སྐྱོང་གི་ཚོར་སྣང་གསར་པ་ཞིག་སྦྱིན་ཡོད་ཅེས་བཤད།

ཞོགས་ཇའི་དོན་གྲོས་ཁང་བཙུགས་ཚུན། བསྟན་རྒྱས་གླིང་སྡེ་ཁུལ་གྱིས་གྲོང་མི་མང་པོའི་ཉེ་འགྲམ་གྱི་འཕྲལ་མཁོ་དང་།དཀའ་ངལ།སེམས་ཁྲལ།རེ་སྒུག་བཅས་ཀྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་ནུས་ལྡན་བྱས་པས།ཁོངས་གཏོགས་ཁུལ་གྱི་གྲོང་མིའི་ཁས་ལེན་དང་གདེང་འཇོག་བཟང་པོ་རྒྱ་ཁྱབ་ངང་ཐོབ་ཡོད། དུས་ཡུན་རིང་པོའི་ནང་བསྟན་རྒྱས་གླིང་སྡེ་ཁུལ་གྱིས་རྨང་གཞི་བརྟན་གཏོང་དང་། ནུས་པ་ཆེར་གཏོང་། མཉམ་སྐྲུན་མཉམ་བཅོས་བཅས་ཀྱི་གཞི་རིམ་བཅོས་སྐྱོང་གི་རྣམ་པ་གསར་པ་གཏོད་རྒྱུར་དམ་པོར་དམིགས་ནས།ཏང་འཛུགས་སྐྱོང་དང་དྲ་མིག་དོ་དམ་ཟུང་དུ་འབྲེལ་བའི་བཅོས་སྐྱོང་བྱེད་སྟངས་ལ་སྐུལ་འདེད་བཏང་ཡོད། དྲ་མིག་ཅན་གྱི་དོ་དམ་བརྒྱུད་སྡེ་ཁུལ་དུ་ཆ་འཕྲིན་ཐབས་ལམ་ཤར་གཏོང་ཐུབ་ནས་གྲོང་མིའི་ཞབས་ཞུའི་དགོས་མཁོ་དང་རེ་ཞུའི་གནད་དོན་དེ་བས་ཁོང་དུ་ཆུད་པར་མ་ཟད། གྲོང་མིའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་གནད་དོན་སྣ་ཚོགས་དེ་བས་ནུས་ལྡན་ངང་ཐག་གཅོད་ཐུབ་ཡོད།

བསྟན་རྒྱས་གླིང་སྡེ་ཁུལ་གྱི་དྲ་མིག་ལས་དོན་པ་སྐལ་བཟང་སྒྲོལ་དཀར་གྱིས།རྗེས་མའི་ལས་དོན་ཁྲོད་ངས་སྡེ་ཁུལ་དུ་ཟབ་འཇུག་བྱས་ཏེ་གྲོང་མིའི་བསམ་འདུན་ལ་ཉན་ནས་དུས་ཐོག་ཏུ་གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱ་རྒྱུ་མ་ཟད། དུས་བཀག་ལྟར་བཅར་འདྲི་བྱས་ཏེ་གྲོང་མིར་དེ་བས་སྙིང་ཉེ་བའི་ཐུགས་ཁུར་དང་རོགས་རམ་བྱ་རྒྱུ་ཡིན་ལ། དེ་དང་ཆབས་ཅིག་ངས་ད་དུང་སྡེ་ཁུལ་གྱི་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་ནས་བྱེད་སྒོ་དེ་བས་མང་བ་སྒྲིག་འཛུགས་བྱས་ཏེ།ཁྱིམ་མཚེས་དབར་གྱི་འབྲེལ་འདྲིས་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན།དེ་བས་མུ་མཐུད་འབད་བརྩོན་བྱས་ཏེ་ཞབས་ཞུ་དེ་བས་ཡག་པ་དང་སྡེ་ཁུལ་དེ་བས་དྲོ་སྐྱིད་ལྡན་པའི་ཁྱིམ་ཚང་ཆེན་པོ་ཞིག་ཏུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་བཤད།

དྲ་མིག་ཆུང་ཡང་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཡིད་སྨོན་མཚོན་གྱི་ཡོད། ཉེ་བའི་ལོ་ཤས་རིང་།རང་གྲོང་གིས་ལྗོངས་ཡོངས་ཀྱི་སྔོན་ལ《ལྷ་ས་གྲོང་ཁྱེར་གྱི་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་སྲོལ་ཡིག》བཟོས་ནས་བཏོན་པ་རེད། ཚན་རིག་དང་མཐུན་པའི་སྒོ་ནས“བཅོས་སྐྱོང་ཚན་པ”དབྱེ་བ་དང་། སྤྱི་ཚོགས་ལས་མི་བསྡུ་བའི་བྱ་ཐབས་བརྒྱུད་དྲ་མིག་ཅན་གྱི་ལས་དོན་པ་བཀོད་སྒྲིག་བྱེད་པ་དང་འབྲེལ་འདེམས་པ་དང་། གསོ་སྐྱོང་། དོ་དམ། བེད་སྤྱོད། ཉར་བ་བཅས་ཀྱི་ལས་ཀའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཕྱོགས་བསྡོམས་ལེགས་གཏོང་བྱ་རྒྱུ་དེ་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་འཐབ་ཇུས་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། རྫོང(ཆུས)ཁག་གིས་བློ་ཁོག་ཆེན་པོས་འཚོལ་ཞིབ་དང་། གསར་གཏོད། ལག་ལེན་ནུས་ལྡན་བཅས་བྱ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པ། དུས་རབས་ཀྱི་ཁྱད་ཆོས་དང་འཚམ་པ་དང་རང་རང་སོ་སོའི་ཁྱད་ཆོས་ལྡན་པའི་བཅོས་སྐྱོང་གི་ལམ་བུའི་ཐོག་ཧུར་ཐག་བསྐྱོད་དེ“དོན་དག་ཡོད་ན་དྲ་མིག་ལས་དོན་པ་འཚོལ་རྒྱུ”གོམས་གཤིས་སུ་འགྱུར་བ་དང་ལས་དོན་ཚང་མ་དྲ་མིག་ཁྲོད་སྒྲུབ་ཐུབ་པ་མངོན་འགྱུར་བྱུང་ཡོད།

གྲོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་འཆི་མེད་གཡུ་སྒྲོན་གྱིས།རང་གྲོང་གིས་དྲ་མིག་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་འདུ་འགོད་ལག་བསྟར་ཧུར་ཐག་བྱེད་བཞིན་ཡོད་པ་དང་། ཐོབ་ཐང་གསལ་སྟོན་དང་། གཟུགས་བརྙན་གསལ་སྟོན། ཁས་ལེན་གསལ་སྟོན། འགན་འཁྲི་གསལ་སྟོན་བཅས་གསལ་སྟོན་བཞིའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། ཉེན་རྟོག་དང་དྲ་རྒྱ་མཉམ་འདྲེས་འཚོལ་ཞིབ་དང་ལག་བསྟར་བྱེད་པ། ཆ་འཕྲིན་ཅན་དང་རྐང་ཐང་དུ་འགྲོ་བ་ཟུང་དུ་འབྲེལ་བའི་ལས་དོན་སྤེལ་སྟངས་ལག་བསྟར་བྱེད་པ། དྲ་མིག་གི་སོ་ལྟ་ཁང་མདུན་མའི་ནུས་པ་འདོན་སྤེལ་བཅས་བྱས་ཏེ། མི་དང་། ས་གནས། བྱ་བ། དངོས་པོ།གནས་ཚུལ། རྩ་འཛུགས་སོགས་ཀྱི་རྨང་གཞིའི་ཆ་འཕྲིན་ཁྱོན་ཡོངས་ནས་འཚོལ་བསྡུ་བྱས་ནས་དྲ་མིག་དོ་དམ་ཞབས་ཞུའི་ལས་དོན་ལམ་ལུགས་ཅན་དང་། ཚད་ལྡན་ཅན། ཆེད་ལས་ཅན་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བར་མ་ཟད།གཞི་རིམ་གྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ཡོད།རྗེས་མར་རང་གྲོང་གིས་དྲ་མིག་ཅན་གྱི་བཅོས་སྐྱོང་བྱེད་སྟངས་མུ་མཐུད་ནས་གསར་གཏོད་གཏིང་ཟབ་བྱས་ཏེ།གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་འཐབ་ཇུས་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་ཡིན་ཞེས་བཤད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-25 6 6 拉萨日报藏文 c198337.html 1 /enpproperty-->