ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། ནན་ཅིང་གསོ་རིག་ཚན་རིག་སློབ་ཆེན་གྱི་ཞོར་གཏོཊ་སྨན་ཁང་བཞི་པའི“བདེ་སྲུང་ལས་གཞིའི”ཚོགས་པ་སྟག་རྩེ་ཆུས་སུ་བསྐྱོད་ནས་ལྦ་བའི་ནད་རིགས་དང་ནུ་མའི་ནད་རིགས་ཡོད་མེད་ལ་བརྟག་དཔྱད་བྱེད་པའི་སྤྱི་ཕན་བྱེད་སྒོ་སྤེལ་ཞིང་། ཐེངས་འདིའི་བརྟག་དཔྱད་བྱ་ཡུལ་གཙོ་བོ་ནི་ཡུལ་དེའི་བུད་མེད་ལས་བཟོ་བ་རེད།
བྱེད་སྒོ་སྤེལ་བའི་ཉིན་དེར། ཡུལ་དེ་གའི་བུད་མེད་ལས་བཟོ་བ་ཚོས་ལས་དོན་པའི་ཁྲིད་སྟོན་འོག ལྦ་བའི་སྐྲན་དང་ནུ་མའི་སྐྲན་ཡོད་མེད་ལ་བརྟག་དཔྱད་བྱེད་པའི་རེའུ་མིག་ནན་ཏན་ངང་བསྐངས་ཏེ། གོ་རིམ་དང་བཅས་བརྟག་དཔྱད་བྱས། བརྟག་དཔྱད་ཁང་དུ“བདེ་སྲུང་ལས་གཞིའི”ཚོགས་པའི་སྨན་དོན་པས་ཆེད་ལས་ཀྱི་ལག་རྩལ་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་ལ་བརྟེན་ནས། བརྟག་དཔྱད་དུ་ཡོང་མཁན་བུད་མེད་ཚང་མར་བརྟག་དཔྱད་ཞིབ་ཚགས་བྱས་པ་དང་། ཉེ་འགྲམ་གྱི་ཆེད་ལས་མཁས་པའི་བློ་འདྲིའི་ཁང་དུ་ཆེད་ལས་མཁས་པས་བུད་མེད་ཚོའི་དོགས་གནད་ལ་ངང་རྒྱུད་རིང་པོས་ཉན་ཞིང་། གོ་བདེ་བའི་སྐད་ཆའི་ཐོག་ནས་ཁོང་ཚོར་ཞིབ་བཤེར་བྱས་འབྲས་དང་། ནད་རིགས་སྔོན་འགོག ནད་བརྟག་སྨན་བཅོས་སོགས་ཀྱི་ཐད་ནས་གྲོས་འགོ་བཏོན་པ་རེད།
སྟག་རྩེ་ཆུས་འཕྲལ་སྡོམ་དོ་དམ་ཅུས་ཀྱི་པདྨ་རྒྱ་མཚོས། རྒྱུན་གཏན་གྱི་ལས་ཀ་བྲེལ་བ་ཚ་བས། རང་ཉིད་ཀྱི་གཟུགས་པོར་བརྟག་དཔྱད་བྱེད་ཁོམ་མ་བྱུང་། གཟུགས་པོ་ཅུང་མི་བདེ་བའི་སྣང་ཚུལ་ཐོན་ཡང་། བཟོད་སྒོམ་བྱ་རྒྱུ་ལས་ཐབས་ཤེས་མེད། ད་རེས་བདེ་སྲུང་ལས་གཞིའི་ཚོགས་པ་ཉེ་འགྲམ་དུ་སླེབས་པས། དངོས་གནས་སྟབས་བདེ་པོ་བྱུང་། བརྟག་དཔྱད་བྱེད་པའི་བརྒྱུད་རིམ་ཁྲོད། སྨན་པས་ཧ་ཅང་ཞིབ་ཚགས་པའི་སྒོ་ནས་རྒྱུན་དུ་ཡིད་གཟབ་བྱེད་དགོས་པའི་ནང་དོན་འགྲེལ་བཤད་བརྒྱབ་བྱུང་། ལྦ་བའི་ནད་རིགས་དང་ནུ་མའི་ནད་རིགས་ལ་སྔོན་ཆད་རང་ཉིད་ཀྱིས་དོ་སྣང་དེ་ཙམ་བྱེད་ཀྱི་མེད། དེ་རིང་སྨན་པས་བརྒྱབ་པའི་འགྲེལ་བཤད་ལ་ཉན་རྗེས། སྔ་ཙམ་བརྟག་དཔྱད་དང་སྔ་ཙམ་སྨན་བཅོས་བྱེད་པའི་གལ་ཆེའི་རང་བཞིན་ཤེས་བྱུང་། སླད་ཕྱིན་བྱེད་སྒོ་དེ་རིགས་མང་ཙམ་སྤེལ་ཏེ། ལས་བྱེད་པ་དང་ལས་བཟོ་བ་སྔར་བས་བདེ་ཐང་གི་སྒོ་ནས་ལས་ཀར་ཞུགས་ཐུབ་རྒྱུའི་རེ་བ་ཡོད་ལ། མང་ཚོགས་དེ་བས་མང་བས་བདེ་ཐང་ལ་དོ་ཁུར་བྱ་རྒྱུར་ཁྲིད་སྟོན་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད།
ཡུལ་དངོས་སུ་བརྟག་དཔྱད་བྱས་པ་ཕུད། “བདེ་སྲུང་ལས་གཞིའི”ཚོགས་པའི་སྨན་དོན་པ་ད་དུང་ལྷ་ས་གྲོང་ཁྱེར་རྒན་རྒོན་ཉིན་མོའི་ལྟ་སྐྱོང་ལྟེ་གནས་སུ་འོས་འགན་སྨན་བཅོས་བྱེད་པར་བསྐྱོད་ཡོད། བྱེད་སྒོའི་ཁྲོད་ཚན་པ་ཁག་གི་ཆེད་ལས་མཁས་ཅན་གྱིས་བདེ་ཐང་ཐད་བློ་འདྲི་བྱེད་པར་ཡོང་མཁན་རྒན་རྒོན་ལ་ངང་རྒྱུད་རིང་པོས་ལན་བཏབ་ཅིང་། ཁྲག་ཤེད་བལྟས་པ་དང་། ནད་བརྟག་སྨན་བཅོས་ཀྱི་གྲོས་འགོ་བཏོན་པར་མ་ཟད། སྨན་ཡང་སྤྲད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྟག་རྩེ་ཆུས་སུ་སྤེལ་བའི་བརྟག་དཔྱད་ཀྱི་བྱེད་སྒོ་དེ་ནི་ཚོགས་པ་དེའི་འཆར་གཞིའི་ཁྲོད་ཀྱི་ས་ཚིགས་གལ་ཆེན་ཞིག་ཡིན་པ་དང་། རྗེས་མར་ད་དུང་ཤིན་ཅང་དང་། སི་ཁྲོན། ཧྲའན་ཞི་སོགས་ཀྱི་གྲོང་གསེབ་དང་ཐག་རིང་ལུང་ཁུག་ཏུ་བསྐྱོད་དེ། བུད་མེད་ཀྱི་ལྦ་བའི་ནད་རིགས་དང་ནུ་མའི་ནད་རིགས་ལ་བརྟག་དཔྱད་བྱེད་པའི་ལས་དོན་མུ་མཐུད་དུ་སྤེལ་རྒྱུ་དང་། རྫོང(ཤང)གི་གཞི་རིམ་སྨན་དོན་པར་རིན་མེད་ངང་གསོ་སྦྱོང་བྱ་རྒྱུ་མ་ཟད། དགེ་སྒྲུབ་ཀྱི་མ་དངུལ་ཡང་བསྡུས་ཏེ་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་བུད་མེད་ནད་པ་རྣམས་དཀའ་ངལ་ལས་སྒྲོལ་རོགས་བྱ་རྒྱུ་རེད།
ནན་ཅིང་གསོ་རིག་ཚན་རིག་སློབ་ཆེན་གྱི་ཞོར་གཏོགས་སྨན་ཁང་བཞི་པའི་ལྦ་བ་དང་ནུ་མའི་ནད་ཀྱི་ཕྱི་ནད་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཐའོ་ཅིང་གིས། ལྦ་བའི་ནད་དང་ནུ་མའི་ནད་ཀྱི་ནད་རྟགས་མངོན་གསལ་དོད་པོ་མེད་པས་དུས་ཐོག་ཏུ་ཤེས་རྟོགས་ཐུབ་དཀའ། དེར་བརྟེན་སྔ་ཙམ་ནས་བརྟག་དཔྱད་བྱ་རྒྱུ་ནི་ཧ་ཅང་གལ་ཆེན་པོ་རེད། སྔ་ཙམ་ནས་བརྟག་དཔྱད་བྱས་ཚེ་གནད་དོན་སེལ་ཐུབ། དེ་རིང་བརྟག་དཔྱད་བྱེད་སྐབས། ང་ཚོས་གདགས་གཤིས་ཀྱི་ནད་དཔེ་མི་ཉུང་བ་ཞིག་མཐོང་བྱུང་། དཔེར་ན་ལྦ་བའི་མདུད་འབུར་དང་། གཤགས་བཅོས་བྱེད་དགོས་པའི་ནུ་མའི་ནད། ཨོལ་གོང་གི་ནུས་པ་ཉམས་པ་ལྟ་བུ་རེད། སླད་ཕྱིན་ནད་པས་སྨན་ཟོས་ནས་ནད་བཅོས་དགོས་ཀྱི་ཡོད། གལ་སྲིད་སྨན་བཅོས་དང་གཤགས་བཅོས་སོགས་ལ་གནད་དོན་འཕྲད་ན་དྲ་ཐོག་ནས་ང་ཚོ་དང་འབྲེལ་གཏུག་བྱ་ཆོག བདེ་སྲུང་ལས་གཞིའི་ཚོགས་པ་ས་ཆ་མང་པོར་སྐྱོད་མྱོང་ཡོད། ཡིན་ནའང་བོད་དུ་ཡོང་ཐེངས་དང་པོ་ཡིན་པས། བོད་ཀྱི་མི་དམངས་ཀྱི་བདེ་ཐང་ཆེད་དངོས་དངོས་རྗེན་རྗེན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་ཐུབ་རྒྱུའི་རེ་བ་འཆང་བཞིན་ཡོད་ཅེད་བཤད།
སྟག་རྩེ་ཆུས་མི་དམངས་སྨན་ཁང་གི་ཧྲུའུ་ཅི་གཞོན་པ་དང་། རྒྱུན་ལས་ཡོན་ཀྲང་གཞོན་པ། ཅང་སུའུ་ཞིང་ཆེན་གྱི་ཁག་བཅུ་བདུན་པའི་བོད་སྐྱོར་སྨན་བཅོས་རུ་ཁག་ཀྲེན་ཅང་ཚོགས་ཆུང་གི་ཚོགས་གཙོ་ཝང་ཧུའེ་ཡིས། སྟག་རྩེ་ཆུས་སུ་སྤེལ་བའི“བདེ་སྲུང་ལས་གཞིའི”བྱེད་སྒོ་དེར། སྟག་རྩེ་ཆུས་མི་དམངས་སྨན་ཁང་དང་ཅང་སུའུ་ཞིང་ཆེན་གྱི་ཁག་བཅུ་བདུན་པའི་བོད་སྐྱོར་སྨན་བཅོས་རུ་ཁག དེ་བཞིན་ཡུལ་དེའི་མང་ཚོགས་ཀྱི་གདེང་འཇོག་དང་བསྔགས་བརྗོད་ཐོབ་ཡོད། སྤྱི་ཕན་སྨན་བཅོས་རོགས་སྐྱོབ་ཐད་བདེ་སྲུང་ལས་གཞིའི་ཚོགས་པར་གྲུབ་འབྲས་ཡག་པོ་ཐོབ་མྱོང་། ནུ་མའི་ནད་དང་ལྦ་བའི་ནད་ལ་བརྟག་དཔྱད་བྱེད་པའི་ཉམས་མྱོང་དང་ཆེད་ལས་མཁས་པའི་རྩེར་སོན་གྱི་ལག་རྩལ་ནི་ང་ཚོར་མཁོ་ཆེ་ཤོས་ཡིན། ཅང་སུའུ་ཞིང་ཆེན་གྱི་ཁག་བཅུ་བདུན་པའི་བོད་སྐྱོར་སྨན་བཅོས་རུ་ཁག་ཡིན་པའི་ང་ཚོས་ད་རེས“བདེ་སྲུང་ལས་གཞིའི”ཚོགས་པ་གདན་དྲངས་པ་དེས། སྟག་རྩེ་ཆུས་ཀྱི་བུད་མེད་ཚོས་སྒོ་རྩ་ནས་སྤུས་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པར་མ་ཟད། ལྷག་པར་དུ་སྟག་རྩེ་ཆུས་ཀྱི་སྨན་དོན་པར་སློབ་སྦྱོང་གི་གོ་སྐབས་རྩ་ཆེན་མཁོ་འདོན་བྱས་ཡོད། ལྟ་སྦྱོང་དང་སྤེལ་རེས་བྱས་པ་བརྒྱུད། སྟག་རྩེ་ཆུས་སྨན་ཁང་གི་ནད་བརྟག་སྨན་བཅོས་ཆུ་ཚད་མཐོ་རུ་འགྲོ་རྒྱུ་དང་། སྔོན་ཐོན་གྱི་འདུ་ཤེས་དང་ལག་རྩལ་ལ་བརྟེན་ནས་སྟག་རྩེ་ཆུས་མི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོང་སྔར་བས་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社