སྙེ་མོ་རྫོང་མར་རྐྱང་ཤང་གྱང་ཉེ་གྲོང་ཚོའི་ཕུལ་བྱུང་ཏང་ཡོན་ཚེ་རིང་དོན་གྲུབ་ཀྱིས་ཕ་ཡུལ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་དུ་ལས་དོན་ལེགས་པོ་བསྒྲུབས་པར་བརྟེན་2024ལོའི་ལྷ་ས་གྲོང་ཁྱེར་གྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་ཐོན་མི་སྒེར་གྱི་མཚན་སྙན་ཐོབ་པ་རེད།ལོ་མང་རིང་།ཚེ་རིང་དོན་གྲུབ་ཀྱིས་བློ་གཅིག་སེམས་གཅིག་གིས་གཞི་རིམ་དུ་རྩ་བ་ཚུགས་ནས་ཧུར་སེམས་ཆེན་པོ་དང་སྤྲོ་སེམས་ཆེན་པོའི་ཐོག་ནས་གྲོང་གསེབ་དར་རྒྱས་གཏོང་བའི་ཐད་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་རྒྱུར་རང་ནུས་ཡོད་རྒུ་བཏོན་ནས་གྲོང་གསེབ་དར་རྒྱས་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པ་རེད།
སྙེ་མོ་རྫོང་མར་རྐྱང་ཤང་ནི་ས་བབ་མཐོ་བའི་ས་ཁོངས་སུ་གནས་པས་དགུན་ཁ་གྲང་ངར་ཆེ་ཞིང་རང་འབབ་ཆུ་ཀ་ལར་འཁྱཊ་པ་ཐེབས་སླ་བར་བརྟེན། གྱང་ཉེ་གྲོང་ཚོ་དང་སྟབས་ཆུང་གྲོང་ཚོའི་གྲོང་མིར་འཐུང་ཆུའི་དཀའ་ངལ་ཆེ་བས། རྒྱུན་ལྡན་གྱི་འཚོ་བར་དཀའ་ངལ་འཕྲད་བཞིན་ཡོད། མར་རྐྱང་ཤང་ཏང་ཨུད་དང་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ་གྲོང་མིའི་འཐུང་ཆུའི་དཀའ་གནད་དེ་གལ་ཆེའི་གནས་སུ་བཞག་ནས་ཕྱོགས་གང་སར་བསྐྱོད་དེ་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱེད་ཀྱི་ཡོད།གནད་དོན་དེ་ཚེ་རིང་དོན་གྲུབ་ཀྱིས་མིག་གིས་མཐོང་བ་དང་སེམས་དབུས་སུ་བཞག་ནས་ཤང་ཏང་ཨུད་དང་སྲིད་གཞུང་དང་འབྲེལ་གཏུག་ཧུར་ཐག་བྱས་ཏེ་སྲིད་གཞུང་གིས་གཙོ་ཁྲིད་བྱས་པའི་ས་བབ་མཐོ་བའི་འཐུང་ཆུའི་ལས་གྲྭ་གྲུབ་འབྲས་ཐོབ་པའི་ངང་བརྩོན་ལེན་བྱས་པ་རེད།
སྟབས་ཆུང་གྲོང་ཚོའི་ཚོགས་ཆུང་གཉིས་པའི་ཡུལ་མི་བུ་ཆུང་གིས་སྔོན་ཆད་ང་ཚོའི་གྲོང་ཚོའི་རང་འབབ་ཆུ་ཀ་ལ་ཟླ་9པ་ནས་བཟུང་འཁྱགས་པ་བརྒྱབ་སྟེ་ཆུ་དོན་གྱི་མེད་མོད།ད་ལྟ་འཁྱག་འགོག་སྒྲིག་ཆས་སྒྲིག་སྦྱོར་བྱས་ཡོད་པ་དང་། གློག་སྤྱད་ནས་ཚ་པོ་བཟོས་རྗེས་སྐར་མ་གསུམ་བཞིའི་ནང་ཆུ་ཐོན་ཐུབ་པས་ཧ་ཅང་སྟབས་བདེ་པོ་འདུག་ཅེས་བཤད།
ས་བབ་མཐོ་བའི་འཐུང་ཆུའི་ལས་གྲྭ་ལག་བསྟར་བྱེད་པའི་སྔ་རྗེས་སུ།ཆུ་སྤྱོད་པའི་ཇུས་གཞི་ཡག་ཤོས་འཚོལ་ཞིབ་བྱ་ཆེད།ཚེ་རིང་དོན་གྲུབ་ཀྱིས་འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་འབོར་ཆེན་ལ་བལྟས་པ་དང་།རིགས་གཅིག་མཁས་ཅན་ལ་བཀའ་འདྲི་ཐེངས་མང་ཞུས་པ། སྒྲིག་ཆས་རྒྱུན་ཆད་མེད་པར་ལེགས་སུ་དང་རིམ་སྤོར་བྱས་ཏེ་མཐར་འཁྱག་འགོག་སྒྲིག་ཆས་སྒྲིག་སྦྱོར་བྱེད་པའི་འགག་རྩའི་བྱ་ཐབས་དེ་གཏན་འཁེལ་བྱས་པ་རེད།ད་ཆ།སྐར་མ་ཁ་ཤས་ནང་ཆུ་ཀ་ལ་ནས་ཆུ་བདེ་བླག་ངང་ཐོན་ཐུབ།དྭངས་ཤིང་གཙང་བའི་ཆུ་འདི་ནི་གྲོང་མིས་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དང་བདེ་སྐྱིད་ལྡན་པའི་འཚོ་བའི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་ཏུ་གྱུར་ཡོད་པ་རེད།
ཚེ་རིང་དོན་གྲུབ་ཀྱིས་སྔོན་ཆད་དགུན་ཁར་ང་ཚོའི་གྲོང་ཚོའི་རང་འབབ་ཆུ་ཀ་ལར་འཁྱགས་པ་བརྒྱབ་ཀྱི་ཡོད།འཁྱག་འགོག་སྒྲིག་ཆས་སྒྲིག་སྦྱོར་བྱས་རྗེས་སྐར་མ་ཁ་ཤས་ནང་ཆུ་ཐོན་ཐུབ་པས་གྲོང་མི་ཚོའི་འཐུང་ཆུའི་གནད་དོན་ཐག་གཅོད་ཐུབ་པར་མ་ཟད།མང་ཚོགས་ཀྱི་བསྔགས་བརྗོད་ཀྱང་ཐོབ་ཡོད།ལས་ཀའི་ཁྲོད་ཚང་མས་ནུས་ཤུགས་གཅིག་སྒྲིལ་བྱས་ན་བསྒྲུབ་མི་ཐུབ་པའི་བྱ་བ་གཅིག་ཀྱང་མེད་ཅེས་བཤད།
འཐུང་ཆུའི་དཀའ་ངལ་ཐག་གཅོད་བྱས་རྗེས། ཚེ་རིང་དོན་གྲུབ་ཀྱིས་མུ་མཐུད་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཐད་ཀྱི་ལས་དོན་བསྒྲུབས་ཡོད། ཁོང་གིས་མ་དངུལ་སྒོར་ཁྲི་88བཏང་ནས་བོད་ལྗོངས་འབུ་དམར་ཆུ་ཚན་སྤྲོ་གསེང་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སི་བཙུགས་པ་དང་ས་གནས་དེ་གའི་ཐུན་མོང་མ་ཡིན་པའི་ས་འོག་ཚ་ནུས་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱས་ནས་ཆུ་ཚན་ཡུལ་སྐོར་རྣམ་གྲངས་གསར་སྤེལ་ཤུགས་ཆེན་བྱས་པ་དང་།དེས་ས་གནས་དེ་གའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་གསོན་ཤུགས་ཆེན་པོ་བསྣན་པར་མ་ཟད། ད་དུང་གྲོང་མིར་ལས་ཞུགས་དང་ཡོང་འབབ་འཕར་བའི་ཐབས་ལམ་གསར་པ་ཞིག་ཀྱང་བཏོད་ཡོད་པ་རེད།
བོད་ལྗོངས་འབུ་དམར་ཆུ་ཚན་སྤྲོ་གསེང་ཡུལ་སྐོར་གསར་སྤེལ་ཚད་ཡོད་ཀུང་སིའི་ལས་མི་འོད་ཟེར་གྱིས་ངའི་ཁྱིམ་ནི་ཆུ་ཚན་དང་ཐག་ཉེ་བས།འདིར་ལས་ཞུགས་བྱེད་པར་སྟབས་བདེ་བར་མ་ཟད།ད་དུང་ཡོང་འབབ་གསོག་ཐུབ་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ནང་ཚེ་རིང་དོན་གྲུབ་ཀྱིས་རང་འགུལ་ངང་ས་གནས་དེ་གའི་སྲིད་གཞུང་དང་འབྲེལ་གཏུག་བྱས་པ་རེད།མར་རྐྱང་ཤང་གིས་ཚོང་འགུགས་མ་འདྲེན་གྱི་ལས་དོན་ཧུར་ཐག་སྤེལ་ནས་རྣམ་གྲངས་ལག་ལེན་དུ་བསྟར་རྒྱུར་ཆ་རྐྱེན་བཟང་པོ་ཞིག་བསྐྲུན་ཡོད།ཚེ་རིང་དོན་གྲུབ་ཀྱིས་ཕ་ཡུལ་ལ་བཅངས་པའི་བརྩེ་དུང་ཟབ་མོར་བརྟེན་ནས་ཁྱིམ་ཚང་རེ་རེ་བཞིན་སྐུལ་སློང་དང་མཐུན་སྦྱོར་བྱས་ཏེ་དུས་ཡུན་ཐུང་ངུའི་ནང་ལས་ཆོད་ཆེ་བའི་ཆེད་ལས་ངལ་རྩོལ་ནུས་ཤུགས་ཀྱི་དཔུང་ཁག་ཅིག་བདེ་བླག་ངང་བཙུགས་པ་དང་།རྣམ་གྲངས་བདེ་བླག་ངང་སྐུལ་འདེད་གཏོང་བར་མི་ཤུགས་ཀྱི་འགན་ལེན་བརྟན་པོ་ཞིག་མཁོ་འདོན་བྱས་ཡོད།
སྙེ་མོ་རྫོང་མར་རྐྱང་ཤང་གི་ཐོན་ལས་རྣམ་གྲངས་ཀྱི་འགན་འཁུར་བ་ཝུའེ་ཞུས་མར་རྐྱང་ཤང་གིས་ཚོང་འགུགས་མ་འདྲེན་ཐད་ལས་དོན་འབོར་ཆེན་བསྒྲུབས་ཡོད། རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཚེ་རིང་དོན་གྲུབ་ཀྱིས་ཡུལ་མི་དེའི་ནང་ཞུགས་རྒྱུར་མཐུན་སྦྱོར་ཧུར་ཐག་བྱས་ནས་དུས་ཐུང་ཟླ་བ་འགའི་ནང་ནུས་ཆེའི་ངལ་རྩོལ་ནུས་ཤུཊ་ཀྱི་དཔུང་ཁག་ཅིག་བཙུཊ་པ་དང་། རྣམ་གྲངས་བདེ་བླག་ངང་སྤེལ་ཐུབ་པར་འགན་ལེན་བྱས་ནས་གྲོང་མི་རྣམས་རང་ཉིད་ཀྱི་སྒོ་འགྲམ་དུ་འབབ་འཕར་ཡོང་བ་དང་། ཐོན་ལས་གྲོང་གསེབ་ཏུ་གཞི་ཚུགས་པར་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་བཤད།
ཚེ་རིང་དོན་གྲུབ་ཀྱིས་ལས་དོན་ཁག་ཧུར་ཐག་བསྒྲུབས་པ་དེས་ཡུལ་མི་ཚོའི་འཚོ་བའི་ཆ་རྐྱེན་དངོས་གནས་ལེགས་སུ་བཏང་བར་མ་ཟད། ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་དང་གོ་སྐབས་གསར་པ་ཡང་སྤྲད་ཡོད་པ་རེད།
སྟབས་ཆུང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཚེ་རིང་རྡོ་རྗེས་ཚེ་རིང་དོན་གྲུབ་ཀྱིས་ཐོག་མཐའ་བར་གསུམ་དུ་ང་ཚོའི་གྲོང་ཚོའི་འཕེལ་རྒྱས་ལ་སེམས་ཁུར་བྱེད་ཀྱིན་ཡོད།རྣམ་གྲངས་ཡོད་ཚེ་ཁོང་གིས་ཡུལ་མིར་ངལ་ནུས་འདོན་སྤེལ་བྱ་རྒྱུའི་སྒྲིག་འཛུགས་ཧུར་ཐག་བྱེད་ཀྱི་ཡོད་པར་མ་ཟད།ཁོང་གིས་ད་དུང་ང་ཚོའི་གྲོང་ཚོའི་ཚོགས་ཆུང་གཉིས་ཀྱི་རང་འབབ་ཆུ་ཀ་ལའི་སྒྱུར་བཀོད་ལས་གྲྭ་དང་ལེན་བྱས་རྗེས་ང་ཚོའི་གྲོང་ཚོའི་ཡུལ་མིར་ངལ་ནུས་གླ་ཕོགས་སྒོར་ཁྲི་30ལྷག་ཙམ་རག་ཡོད་ཅེས་བཤད།
ཚེ་རིང་དོན་གྲུབ་ཀྱི་འབད་བརྩོན་ལྷོད་མེད་འོག་ཕ་ཡུལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་།ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཞིང་གྲོང་མིའི་འཚོ་བའང་ཉིན་རེ་བཞིན་ཡར་རྒྱས་འགྲོ་བཞིན་ཡོད།2024ལོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་ཐོན་མི་སྒེར་གྱི་གཟི་བརྗིད་མཚན་སྙན་ནི་ཁོང་གིས་རྒྱུན་དུ་འབད་བརྩོན་བྱས་པའི་དཔང་རྟགས་ཞིག་ཡིན་ལ།ཁོང་མུ་མཐུད་ནས་མདུན་སྐྱོད་བྱེད་པར་སྐུལ་མ་གཏོང་བའི་སྒུལ་ཤུགས་ཤིག་ཀྱང་ཡིན།
ཚེ་རིང་དོན་གྲུབ་ཀྱིས་གཟི་བརྗིད་མཚན་སྙན་འདི་ཐོབ་པ་ནི་བསམ་ཡུལ་ལས་འདས་པ་ཞིག་ཡིན་ལ་སེམས་འགུལ་ཡང་ཆེན་པོ་ཐེབས་བྱུང་། གཟི་བརྗིད་མཚན་སྙན་འདི་རང་ཉིད་ལ་དབང་བ་ཙམ་ཞིག་མ་ཡིན་པར་ང་ཚོ་ཡུལ་མི་ཡོངས་ལ་དབང་བ་ཞིག་ཡིན། ངས་མུ་མཐུད་དེ་འབད་བརྩོན་བྱས་ནས་ཚང་མ་དང་མཉམ་དུ་གྲོང་གསེབ་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཏུ་འཛུགས་སྐྲུན་བྱས་ནས་ང་ཚོའི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པ་ཞིག་ཡོང་བར་བྱ་རྒྱུ་ཡིན་ཞེས་བཤད།(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社