分享按钮

ཆོག་འཐུས་ལག་ཁྱེར་མེད་པའི་འགྲུལ་སྐྱེལ་རླངས་འཁོར་ ལ་བཅོས་སྒྲིག་ནན་པོ་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལྷ་ས་གྲོང་ཁྱེར་གྱིས་འགྲིམ་འགྲུལ་སྐྱེལ་འདྲེན་ཁྲོམ་རའི་སྒྲིག་ལམ་ལེགས་སུ་བཏང་བ་དང་སྦྲགས། ཆོག་འཐུས་ལག་ཁྱེར་མེད་པའི་འགྲུལ་སྐྱེལ་རླངས་འཁོར་ལ་ཐག་གཅོད་བྱེད་པའི་ཁྲིམས་སྲོལ་དེ་གྲོང་མིས་དོ་ཁུར་བྱེད་པའི་གནད་དོན་དུ་གྱུར་ཡོད། སྤྱི་དམངས་ཀྱིས་འབྲེལ་ཡོད་ཁྲིམས་སྲོལ་ལ་ངོས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་གྲོང་མི་རྣམས་ཚད་ལྡན་ངང་འགྲོ་སྐྱོད་བྱེད་པར་ཁྲིད་སྟོན་བྱ་ཆེད། ཉེ་ཆར། གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་ནས་ཆོག་འཐུས་ལག་ཁྱེར་མེད་པའི་འགྲུལ་སྐྱེལ་རླངས་འཁོར་ལ་ཐག་གཅོད་བྱེད་པའི་འབྲེལ་ཡོད་ཁྲིམས་སྲོལ་ཐད་སྤྱི་དམངས་ལ་གསལ་འགྲེལ་གཏིང་ཟབ་བྱས་ཡོད།

ཆོག་འཐུས་ལག་ཁྱེར་མེད་པའི་འགྲུལ་སྐྱེལ་རླངས་འཁོར་ལ་འཁོར་ནག་ཡང་ཟེར། རྒྱུན་དུ་ཆོག་འཐུས་ལག་ཁྱེར་མེད་ཀྱང་རང་དགར་འགྲུལ་པ་སྐྱེལ་འདྲེན་བྱེད་ཀྱི་ཡོད་པར་མ་ཟད། རླངས་འཁོར་དེ་རིགས་རྒྱུན་དུ་གནམ་ཐང་དང་། མེ་འཁོར་འབབ་ཚུགས། ཚོང་གཉེར་ཁུལ་སོགས་མི་མང་བའི་ས་ཁོངས་སུ་ཕྱིན་ནས་རིན་གོང་དམའ་བའི་ཐོག་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཀྱི་ཡོད་པས་ཁྲོམ་རའི་སྒྲིག་ལམ་ལ་གཏོར་གཤིག་ཚབས་ཆེན་གཏོང་གི་ཡོད་ལ། ཚད་ལྡན་ངང་ལས་གཉེར་བྱེད་པ་ལའང་གནོན་ཤུགས་སྤྲོད་ཀྱི་ཡོད་པ་དང་སྦྲགས། རླངས་འཁོར་དེ་དག་དང་དེ་བཞིན་ཁ་ལོ་བ་རྣམས་ལ་བདེ་འཇགས་ཞིབ་བཤེར་དང་ཆེད་ལས་གསོ་སྦྱོང་མ་བྱས་པས་འགྲུལ་པ་རྣམས་ཡུལ་སྐོར་བྱེད་དུས་བདེ་འཇགས་ལ་གནོད་པའི་རྐྱེན་ངན་མང་པོ་ཐོན་བཞིན་ཡོད། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གསུམ་པའི་རུ་དཔོན་གཞོན་པ་ཀུའུ་ཧྲའོ་ཅུན་གྱིས་ཁྲིམས་འགལ་ངང་གཉེར་སྐྱོང་བྱེད་པའི་ཁྱད་ཆོས་གཙོ་བོ་ནི་གཅིག་ནི་ཆོག་འཐུས་ལག་ཁྱེར་མེད་པར་རང་དགར་སྐྱེལ་འདྲེན་བྱེད་པ་དང་།གཉིས་ནི་ནུས་པ་ཤོར་བ་དང་། རྫུན་བཟོ་བྱེད་པ། སྒྱུར་བཟོ་བྱེད་པ། ཐོ་བསུབ་པ་སོགས་གོ་མི་ཆོད་པའི་དཔང་ཡིག་སྤྱད་དེ་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ། གསུམ་ནི་ཆོག་འཐུས་ལག་ཁྱེར་གྱི་རྣམ་པ་ལས་བརྒལ་ཏེ་སྐྱེལ་འདྲེན་བྱེད་པ་སྟེ།དཔེར་ན། བེད་མེད་དུ་བཏང་བའི་རླངས་འཁོར་དང་། རང་དགར་བཅོས་སྒྲིག་བྱེད་པ། ཞིབ་དཔྱད་ཚད་ལེན་ཁྲོད་ཚད་གཞི་མ་ལོན་པའི་རླངས་འཁོར་གྱིས་སྐྱེལ་འདྲེན་བྱེད་པ། དེ་བཞིན་ཁེ་ལས་གཞན་གྱི་དྲ་བར་སྦྲེལ་ནས་སྐྱེལ་འདྲེན་བྱེད་པ། ཆོག་འཐུས་ལག་ཁྱེར་བོགས་མར་བཏང་བའམ་ཡང་ན་ཉོས་ནས་སྐྱེལ་འདྲེན་བྱེད་པ་སོགས་ཚུད་ཡོད་ཅེས་བཤད།

ཆོག་འཐུས་ལག་ཁྱེར་མེད་པར་གཉེར་སྐྱོང་བྱེད་པའི་རླངས་འཁོར་ལ་ཉེན་ཁ་མང་པོ་ཞིག་གནས་ཡོད་པ་སྟེ། རླངས་འཁོར་དེ་རིགས་ལ་ཚད་ལྡན་གྱི་གཉེར་སྐྱོང་འགན་བཅོལ་ཉོས་མེད་པར་མ་ཟད།ལས་འཛོལ་ཐོན་ཚེ་འགན་འཁྲི་ངོས་འཛིན་དང་སྐྱིན་ཚབ་སྤྲོད་པའི་བརྒྱུད་རིམ་ཡང་མེད་པས། གལ་ཏེ་འགྲིམ་འགྲུལ་དོན་རྐྱེན་བྱུང་ཚེ་འགྲུལ་པ་གཅིག་པུས་སྨན་བཅོས་འགྲོ་གྲོན་གཏོང་དགོས་པར་མ་ཟད།རྨས་སྐྱོན་ཕོག་མཁན་ལ་སྐྱིན་ཚབ་ཀྱང་སྤྲོད་ཁག་པོ་ཡོད་པ་རེད། ཀུའུ་ཧྲའོ་ཅུན་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲོ་ལམ་སྐྱེལ་འདྲེན་སྲོལ་ཡིག》གི་དོན་ཚན་རེ་གསུམ་པའི་ནང་དོན་གཉིས་པའི་གཏན་འབེབས་ལྟར་ན། ཁྲིམས་འགལ་ངང་སྐྱེལ་འདྲེན་གཉེར་སྐྱོང་བྱེད་པའི་རིགས་ལ་དམིགས་ནས་སྒོར་ཁྲི་1ཡན་ནས་ཁྲི་10མན་གྱི་དངུལ་ཆད་གཅོད་རྒྱུ་དང་། གནས་ཚུལ་ཚབས་ཆེ་ན་ཉེས་གསོག་ཏུ་གྱུར་སྲིད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་དོན་ཚན་ཉི་བརྒྱ་ཉི་ཤུ་རྩ་ལྔ་པར་གཞིགས་ན། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་དུ་གཏན་འབེབས་བྱས་པའི་ཆེད་གཉེར་དང་ཆེད་ཚོང་དངོས་རྫས་སམ་ཉོ་ཚོང་ཚོད་འཛིན་བྱེད་པའི་དངོས་རྫས་གཞན་དག་སོགས་ཚོང་རའི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཟོས་པའི་བྱ་སྤྱོད་སྤེལ་ན། གནས་ཚུལ་ཚབས་ཆེ་བའི་རིགས་ལ་དུས་བཀག་བཙོན་འཇུག་ལོ་ལྔ་ཡན་བྱེད་ཀྱི་ཡོད་པར་མ་ཟད། དངུལ་ཆད་གཅོད་པའམ་རྒྱུ་ནོར་གཞུང་བཞེས་གཏོང་སྲིད་ཅེས་བཤད།

གཞན་ཡང་ཁྲིམས་འགལ་གཉེར་སྐྱོང་གི་དཀའ་གནད་འབྱུང་རྩ་ནས་ཐག་གཅོད་བྱ་ཆེད། ལྷ་ས་གྲོང་ཁྱེར་འགྲོ་ལམ་སྐྱེལ་འདྲེན་དོ་དམ་ཅུས་ཀྱིས་དོ་དམ་ཚད་གཞི་ལ་བརྩི་སྲུང་ནན་པོ་ཞུས་ནས་སྐྱེལ་འདྲེན་ཁྲོམ་རའི་སྒྲིག་ལམ་ལ་འགན་ལེན་བྱས་པར་མ་ཟད། ལས་གཉེར་བྱེད་མཁན་གྱི་དགོས་མཁོར་བསམ་གཞིགས་གང་ལེཊ་བྱས་ཏེ་ཐབས་ཇུས་གནད་ལ་འཁེལ་བའི་སྒོ་ནས་ཆོག་འཐུས་ལག་ཁྱེར་མེད་པའི་ཁ་ལོ་བར་འགྲོ་ལུཊ་གཉེར་རྒྱུར་ཁྲིད་སྟོན་བྱས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་འདི་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱས་པ་རེད། ལྷ་ས་གྲོང་ཁྱེར་འགྲོ་ལམ་སྐྱེལ་འདྲེན་དོ་དམ་ཅུས་སྤྱི་པའི་འགྲུལ་སྐྱེལ་ཁོའོ་ཡི་ཁོའོ་ཀྲང་ཧྲེན་ཐེན་ཅུན་གྱིས་ལས་གཉེར་གྱི་ཚད་གཞི་འོས་འཚམ་ངང་དམའ་རུ་གཏོང་བ་དང་གོ་རིམ་སྟབས་བདེ་རུ་གཏོང་བ། སྐད་གཉིས་རྣམ་པའི་ཐོག་ནས་རྒྱུགས་ལེན་པ་དང་སྦྲགས། ཞིང་ཆེན་དང་གྲོང་ཁྱེར་གཞན་དག་གི་སྔོན་ཐོན་བྱ་ཐབས་དག་དཔྱད་གཞིར་བཟུང་ནས་ཁ་ལོ་བས་རང་མོས་ངང་འཁོར་སྐྱོད་བྱེད་པར་སྐུལ་འདེད་གཏོང་བ་དང་སྐྱེལ་འདྲེན་ལས་རིགས་འདི་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཤད།

ཆོག་འཐུས་ལག་ཁྱེར་མེད་པར་གཉེར་སྐྱོང་བྱས་པ་དེས་ཁྲོམ་རའི་སྒྲིག་ལམ་ལ་གཏོར་བཤིག་ཐེབས་པར་མ་ཟད། འགྲུལ་པ་ཚོའི་ཚེ་སྲོག་གི་བདེ་འཇགས་ལའང་དེ་བས་གནོད་པ་ཆེན་པོ་བཟོ་བཞིན་ཡོད། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་གིས་རྒྱ་ཆེའི་གྲོང་མིར་ངེས་པར་དུ་བདེ་འཇགས་ཀྱི་འདུ་ཤེས་མཐོ་རུ་བཏང་ནས་རང་རྟོགས་ངང་ཆོག་འཐུས་ལག་ཁྱེར་མེད་པའི་རླངས་འཁོར་ལ་མ་བསྡད་པར་ཁྲིམས་མཐུན་དང་སྒྲིག་སྲོལ་དང་མཐུན་པའི་རླངས་འཁོར་འདེམས་དགོས་པའི་རེ་འབོད་བྱས་པ་རེད། གལ་ཏེ་ཆོག་འཐུས་ལག་ཁྱེར་མེད་པར་གཉེར་སྐྱོང་བྱེད་པའི་བྱེད་སྤྱོད་ཡོད་པ་ཤེས་རྟོགས་བྱུང་ཚེ་འགྲིམ་འགྲུལ་སྐྱེལ་འདྲེན་ཞབས་ཞུའི་ལྟ་སྐུལ་ཁ་པར་12345འམ་ཡང་ན་12328ལ་ཁ་པར་བརྒྱབ་ནས་ཐེར་འདོན་བྱས་ཆོག་པ་དང་འབྲེལ་ཡོད་ཚན་པས་དུས་ཐོག་ཏུ་ཞིབ་དཔྱད་ཐག་གཅོད་བྱས་ནས་ཐུན་མོང་ཐོག་ཕྱིར་སྐྱོད་ཀྱི་ཁོར་ཡུག་བཟང་པོ་གཏོད་རྒྱུ་ཡིན་པ་རེད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-03-18 6 6 拉萨日报藏文 c197850.html 1 ཆོག་འཐུས་ལག་ཁྱེར་མེད་པའི་འགྲུལ་སྐྱེལ་རླངས་འཁོར་ ལ་བཅོས་སྒྲིག་ནན་པོ་བྱས་པ། /enpproperty-->