ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲེང་ཀོན་སྤྱི་བདེ་ཅུས་དང་མཉམ་འབྲེལ་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་གློག་ཀླད་རོལ་རྩེད་གསོལ་མགྲོན་ཁང་སོགས་འདུ་འཛོམས་བྱ་ཡུལ་དུ་སྒྲིག་སྲོལ་དང་འགལ་ནས་ནར་མ་སོན་པའི་མི་སྣེ་ལེན་བྱས་པའི་གནས་ཚུལ་ཡོད་མེད་ལ་དམིགས་ནས་ཆེད་དོན་ཞིབ་བཤེར་བྱ་སྤྱོད་སྤེལ་བ་རེད།དེའི་དམིགས་ཡུལ་ནི་ལས་རིགས་མི་འདྲ་བའི་གཉེར་སྐྱོང་གི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་བཏང་ནས་ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་དང་ཁྲིམས་མཐུན་ཁེ་དབང་ལ་ཕྱོགས་ཡོངས་ནས་འགན་སྲུང་བྱ་རྒྱུ་དེ་རེད།
ཞིབ་བཤེར་བྱེད་རིང་།ཁྲིམས་འཛིན་མི་སྣས་གློག་ཀླད་རོལ་རྩེད་གསོལ་མགྲོན་ཁང་མང་པོ་ཞིག་ལ་ཡུལ་དངོས་སུ་ཞིབ་བཤེར་བྱས་པ་རེད།ཁོང་ཚོས་གསོལ་མགྲོན་ཁང་གི་ཐོ་འགོད་རྩིས་ཐོར་ཞིབ་བཤེར་ཞིབ་ཕྲ་བྱས་པར་མ་ཟད།ཡུལ་དངོས་སུ་འབྲེལ་ཡོད་གནས་ཚུལ་འདྲི་རྩད་བྱས་པ་རེད།ནར་མ་སོན་པའི་བྱིས་པ་གཅིག་པུའམ་ཡང་ན་རོགས་པ་དང་མཉམ་དུ་ཞག་སྡོད་བྱེད་པའི་སྣང་ཚུལ་ཡོད་མེད་དང་།དེ་བཞིན་གསོལ་མགྲོན་ཁང་གི་ཚོམས་ཆེན་གྱི་མངོན་གསལ་དོད་པའི་གནས་སུ་ནར་མ་སོན་པའི་མི་འཛུལ་མི་ཆོག་ཅེས་པའི་མཚོན་རྟགས་སྦྱར་ཡོད་མེད་སོགས་གཙོ་གནད་དུ་བཟུང་ནས་ཞིབ་བཤེར་བྱས་པ་རེད།
ཞིབ་བཤེར་བྱེད་རིང་།ཁྲིམས་འཛིན་མི་སྣས་ད་དུང་གཉེར་སྐྱོང་དང་ལས་མིར་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ཁྱབ་གདལ་ཧུར་ཐག་བཏང་ནས་ནར་མ་སོན་པའི་བྱིས་པར་སྲུང་སྐྱོབ་བྱེད་པའི་གལ་ཆེའི་རང་བཞིན་དང་དགོས་ངེས་ཀྱི་རང་བཞིན་ནན་བཤད་བྱས་པ་རེད།ཁོང་ཚོས་གསོལ་མགྲོན་ཁང་ཕྱོགས་ལ་བཅའ་ཁྲིམས་ཀྱི་འདུ་ཤེས་དང་སྤྱི་ཚོགས་ཀྱི་འགན་འཁྲིའི་འདུ་ཤེས་ཆེ་རུ་གཏོང་བ་དང་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ནས་ནར་མ་སོན་པའི་མི་མགྲོན་ཁང་དུ་སྡོད་པར་སྣེ་ལེན་བྱེད་པའི་གནས་ཚུལ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
གློག་ཀླད་རོལ་རྩེད་གསོལ་མགྲོན་ཁང་ག་གེ་མོ་ཞིག་གི་འགན་འཁུར་བ་འཇིགས་མེད་ཀྱིས་ང་ཚོས་སྐུ་མགྲོན་ཞག་སྡོད་མ་བྱས་གོང་ཐོབ་ཐང་གི་ཆ་འཕྲིན་ལ་ཞིབ་བཤེར་ཞིབ་ཕྲ་བྱས་ནས་ནར་མ་སོན་པའི་བྱིས་པ་འཛུལ་མི་ཆོག་པའི་འགན་ལེན་བྱེད་ཀྱི་ཡོད།ད་ཐེངས་ཀྱི་ཞིབ་བཤེར་དེས་ང་ཚོར་ངེས་པར་དུ་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུས་ནས་ལས་ཀ་དེ་བས་ཞིབ་ཕྲ་བསྒྲུབ་དགོས་པ་སྔར་བས་གསལ་པོ་ཤེས་བྱུང་།སླད་ཕྱིན།ང་ཚོས་ཀྱང་འབྲེལ་ཡོད་སྡེ་ཚན་ལ་གཞོགས་འདེགས་ཧུར་ཐག་ཞུས་ནས་ནར་མ་སོན་པའི་བྱིས་པ་འཚར་ལོངས་ཡོང་བའི་ཁོར་ཡུག་ཐུན་མོང་ཐོག་ལེགས་སུ་གཏོང་རྒྱུ་ཡིན་ཞེས་བཤད།
ཞིབ་བཤེར་བྱས་འབྲས་ལས་མངོན་པ་ལྟར་ན།འདུ་འཛོམས་བྱ་ཡུལ་མང་ཆེ་བས་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུས་ནས་ནར་མ་སོན་པའི་མི་འཛུལ་མི་ཆོག་པའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཡོད།འོན་ཀྱང་གློག་ཀླད་རོལ་རྩེད་གསོལ་མགྲོན་ཁང་ཉུང་ཤས་ལ་སྔར་བཞིན་མཚོན་རྟགས་མངོན་གསལ་དོད་པོ་མེད་པ་དང་མིང་ངོ་མའི་ཐོ་འགོད་ལམ་ལུགས་འཐུས་ཚང་མེད་པ་སོགས་ཀྱི་གནད་དོན་གནས་ཡོད།གནད་དོན་དེ་དག་ལ་དམིགས་ནས་ཁྲིམས་འཛིན་མི་སྣས་ཡུལ་དངོས་སུ་འབྲེལ་ཡོད་གསོལ་མགྲོན་ཁང་ལ་དུས་བཀག་ནང་བཅོས་སྒྲིག་བྱེད་དགོས་པའི་བཀའ་བཏང་བ་རེད།
ད་ཐེངས་ཀྱི་ཆེད་དོན་ཞིབ་བཤེར་བྱ་སྤྱོད་དེས་གློག་ཀླད་རོལ་རྩེད་གསོལ་མགྲོན་ཁང་སོགས་འདུ་འཛོམས་བྱ་ཡུལ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་ཕྱིན་པར་མ་ཟད།ནར་མ་སོན་པའི་བྱིས་པར་བདེ་ཐང་དང་སྐྱོན་བྲལ་ངང་འཚར་ལོངས་ཡོང་བའི་ཁོར་ཡུག་ཀྱང་བསྐྲུན་ཡོད་པ་རེད།ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་རིམ་པ་བཞི་པའི་ཞིབ་དཔྱོད་དཔོན་གྱི་ལས་རོགས་ཚེ་དབང་ལྷ་མོས་སླད་ཕྱིན་ཁྲེང་ཀོན་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་ལས་དང་གཞོགས་འདེགས་བྱ་རྒྱུར་མུ་མཐུད་ཤུགས་སྣོན་རྒྱག་པ་དང་།ཕུགས་ཕན་ལྟ་སྐུལ་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ།གློག་ཀླད་རོལ་རྩེད་གསོལ་མགྲོན་ཁང་སོགས་གཙོ་གནད་འདུ་འཛོམས་བྱ་ཡུལ་ལ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ།དུས་ངེས་མེད་དུ་ཕྱིར་མིག་ལྟ་བའི་ཞིབ་བཤེར་བྱས་ནས་གནད་དོན་བཅོས་སྒྲིག་གནད་ལ་འཁེལ་བར་འགན་ལེན་ཏན་ཏིག་བྱེད་པ་དང་།ནར་མ་སོན་པའི་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་ཏན་ཏིག་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社