分享按钮

ལྷ་ས་གྲོང་ཁྱེར་གྱིས་ང་ཚོའི་དུས་ཆེན།དང་པོའི་བཅོ་ལྔའི་དུས་ཆེན་ཞེས་པ་གཙོ་དོན་དུ་བྱས་པའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་2ཚེས་12ཉིན་གྱི་སྔ་དྲོ། ལྷུན་གྲུབ་རྫོང་གི་ཁྲིམས་སྐྱོང་སྤྱི་གླིང་དུ་དགའ་སྤྲོའི་གླུ་སྒྲ་དང་དགོད་སྒྲས་ཁེངས་ཤིང་། ལྷ་ས་གྲོང་ཁྱེར་ཤེས་དཔལ་གཞུང་དོན་ཁང་དང་། ལྷུན་གྲུབ་རྫོང་ཨུད། རྫོང་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ལྷུན་གྲུབ་རྫོང་ཨུད་དྲིལ་བསྒྲགས་པུས་ང་ཚོའི་དུས་ཆེན།དང་པོའི་བཅོ་ལྔའི་དུས་ཆེན་ཞེས་པ་གཙོ་དོན་དུ་བྱས་པའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་དེ་སྤེལ་བའི་དམིགས་ཡུལ་ནི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ། མང་ཚོགས་དེ་བས་མང་པོས་དང་པོའི་བཅོ་ལྔའི་དུས་ཆེན་གྱི་ལོ་རྒྱུས་ཀྱི་འབྱུང་ཁུངས་དང་རིག་གནས་ཀྱི་གོམས་སྲོལ་ཤེས་རྟོགས་ཐུབ་པ་དང་། རིག་གནས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ། བསམ་པའི་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྔར་ལས་ལྷག་པའི་སྒོ་ནས་ཟབ་ཏུ་གཏོང་ཆེད་ཡིན་པ་རེད།

ཉིན་དེའི་སྔ་དྲོའི་ཆུ་ཚོད་10པར་རིག་རྩལ་འཁྲབ་སྟོན་དེ་ལྷ་སར་འགོ་ཚུགས་ཤིང་། ལྷུན་གྲུབ་རྫོང་གི་ཤང(གྲོང་ཚོ)ཁག་ནས་ཡོང་བའི་རིག་རྩལ་རུ་ཁག་གིས་རིམ་བཞིན་འཁྲབ་སྟོན་བྱས་ཤིང་། ཁོང་ཚོས་ལུས་ལ་གཟབ་མཆོར་སྤྲས་པ་དང་། གདོང་ལ་དགའ་བའི་འཛུམ་གྱིས་ཁེངས་པ། ཡིད་དབང་འཕྲོག་པའི་ཞབས་བྲོའི་སྟངས་སྟབས། སྙན་པའི་དབྱངས་འགྲོས་བཅས་ཀྱི་ཐོག་ནས་ལྟད་མོ་བ་ཚོར་ཡིད་དབང་འཕྲོག་པའི་འཁྲབ་སྟོན་བྱས་ཏེ་ལྷུན་གྲུབ་རྫོང་གི་གཏིང་ཟབ་པའི་རིག་གནས་ཀྱི་རྨང་གཞི་དང་སྒྱུ་རྩལ་གསར་གཏོད་ཀྱི་ནུས་པ་མངོན་པར་བྱས་པ་རེད།

དང་པོའི་བཅོ་ལྔའི་དུས་ཆེན་ལ་ལྒང་བཞུའི་དུས་ཆེན་དང་། ལོ་གསར་ཉ་གང་སོགས་ཟེར་གྱི་ཡོད། ལོ་ངོ་སྟོང་གི་ལོ་ཟླ་བརྒྱུད་ནས་རིག་གནས་ཀྱི་ནང་དོན་ཟབ་མོ་དང་མི་རིགས་ཀྱི་བརྩེ་དུང་ལྡན་ཡོད། དེས་མཉམ་འཛོམས་དང་རེ་བ་མཚོན་པ་དང་། མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་ཁྱིམ་ཚང་གི་བརྩེ་དུང་གཅིག་སྒྲིལ་བྱེད་པའི་དུས་ཆེན་གལ་ཆེན་ཞིག་ཡིན། རིག་རྩལ་འཁྲབ་སྟོན་ཕུད། བྱེད་སྒོའི་ཁྲོད་ད་དུང་གབ་ལན་འདེབས་པ་དང་། དང་པོའི་བཅོ་ལྔའི་དུས་ཆེན་མྱོང་རོལ། སྲིད་ཇུས་དྲིལ་བསྒྲགས་སོགས་མཉམ་འགུལ་གྱི་ལྷུ་ཚིགས་མང་པོ་བཀོད་སྒྲིག་བྱས་ཡོད། སྲོལ་རྒྱུན་རིག་གནས་ཀྱི་གོམས་སྲོལ་དེ་གསོན་ཉམས་ལྡན་པ་དང་སྤྲོ་སྣང་ལྡན་པའི་སྒོ་ནས་རྒྱུན་འཛིན་བྱས་པ་དང་། དགོད་སྒྲའི་ཁྲོད་མི་རྣམས་ཀྱིས་དུས་ཆེན་གྱི་སྤྲོ་སྣང་ཚོར་ཐུབ་པར་མ་ཟད། སྲོལ་རྒྱུན་རིག་གནས་ལ་བསམ་ཤེས་དང་དགའ་ཞེན་ཆེ་རུ་ཕྱིན་ནས་ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་དང་ཐུགས་ཁུར་གྱི་དྲོ་སྐྱིད་ཀྱང་སྔར་བས་ཚོར་ཐུབ་པ་བྱུང་ཡོད།

ལྷུན་གྲུབ་རྫོང་གི་མང་ཚོགས་སྐལ་བཟང་ནོར་བུས་ཡུལ་དངོས་སུ་ཕུན་སུམ་ཚོགས་པའི་བྱེད་སྒོ་མང་པོ་སྤེལ་བས་ངས་དུས་ཆེན་གྱི་རྣམ་པ་ཟབ་མོ་ཡོད་པ་ཚོར་བྱུང་། ལྷག་པར་དུ་གབ་ལན་འདེབས་པའི་བྱེད་སྒོ་ལས་མི་རྣམས་བྱེད་སྒོ་དེའི་ནང་ཞུགས་འདོད་ཀྱི་འདུན་པ་ཆེན་པོ་ཡོད་པ་ཚོར་བྱུང་། བྱེད་སྒོ་འདི་འདྲ་སྤེལ་བ་བརྒྱུད་ངས་ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་དང་དེའི་ནང་འདུས་པའི་ནང་དོན་ཤེས་རྟོགས་བྱུང་བར་མ་ཟད། ང་ཚོས་སྲོལ་རྒྱུན་རིག་གནས་ལ་ངོས་འཛིན་བྱེད་ཚད་ཀྱང་ལེགས་སུ་ཕྱིན་ཡོད་ཅེས་བཤད།

བྱེད་སྒོ་དེ་རིམ་བཞིན་མཇུག་འགྲིལ་ཞིང་། ཚ་སོབ་སོབ་ཀྱི་ཐང་ཡོན་ཡང་མང་ཚོགས་ཀྱི་ལག་ཏུ་སྤྲད། ཐང་ཡོན་ནི་ཚང་མའི་འཚོ་བ་དང་འདྲ་བར་མངར་ཞིང་བདེ་སྐྱིད་ལྡན་པའི་བྲོ་བ་ཞིག་གིས་ཁེངས་ཡོད།

ལྷུན་གྲུབ་རྫོང་གི་མང་ཚོགས་ལྷ་མོ་ཡིས་དེ་རིང་གི་དང་པོའི་བཅོ་ལྔའི་དུས་ཆེན་གྱི་བྱེད་སྒོ་ནི་ཧ་ཅང་དོན་སྙིང་ལྡན་པ་ཞིག་རེད། ངས་ཀྱང་དང་པོའི་བཅོ་ལྔའི་དུས་ཆེན་གྱི་དོན་སྙིང་ཤེས་རྟོགས་བྱུང་། སྤྲོ་སྣང་དང་ཞི་མཐུན་གྱི་ཁོར་ཡུག་འདི་འདྲའི་ཁྲོད་ནས་དུས་ཆེན་དགའ་གཏོང་བྱེད་ཐུབ་པ་ནི་ངའི་བསམ་པར་ཧ་ཅང་བདེ་སྐྱིད་ལྡན་པ་ཞིག་རེད་སྙམ་གྱི་འདུག ཚང་མར་དང་པོའི་བཅོ་ལྔའི་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ་ཞེས་བཤད།

ཐེངས་འདིའི་གཙོ་དོན་བྱེད་སྒོ་དེས་མང་ཚོགས་ལ་དྲོད་སྐྱིད་དང་སྤྲོ་སྣང་སྦྱིན་པ་དང་དུས་མཚུངས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་སྔར་བས་དར་སྤེལ་བཏང་བ་དང་ཚང་མའི་རིག་གནས་ཀྱི་གདེང་ཚོད་དང་མི་རིགས་ཀྱི་སྤོབས་པ་ཆེ་རུ་ཕྱིན་ཡོད། བྱེད་སྒོའི་ཁྲོད་ད་དུང་2024ལོའི་དུས་ཚིགས་གསུམ་པའི་ཀྲུང་གོའི་མི་བཟང་གི་མཚན་ཐོའི་ནང་བདམས་པའི་བསྟན་འཛིན་དང་། རྒྱལ་ཡོངས་གྱི་བཟང་པོ་ལྔའི་དཔལ་ཡོན་ཁྱིམ་ཚང་གི་གཟི་བརྗིད་མཚན་སྙན་ཐོབ་མཁན་གངས་ཆུང་། ལྷ་ས་གྲོང་ཁྱེར་གྱི་དུས་རབས་གསར་པའི་གཞོན་ནུ་བཟང་པོའི་གཟི་བརྗིད་མཚན་སྙན་ཐོབ་མཁན་ཞུས་མེང་ཡའོ་བཅས་ལ་འཚམས་འདྲི་གནང་བ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-02-14 6 6 拉萨日报藏文 c196324.html 1 ལྷ་ས་གྲོང་ཁྱེར་གྱིས་ང་ཚོའི་དུས་ཆེན།དང་པོའི་བཅོ་ལྔའི་དུས་ཆེན་ཞེས་པ་གཙོ་དོན་དུ་བྱས་པའི་བྱེད་སྒོ་སྤེལ་བ། /enpproperty-->