分享按钮

སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་གྱིས་གཙོ་དོན་བྱེད་སྒོ་སྤེལ་ནས་དང་པོའི་བཅོ་ལྔའི་དུས་ཆེན་ལ་རྟེན་འབྲེལ་ཞུས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་གྱིས་དམིགས་བསལ་ཁྱད་ཆོས་ལྡན་པའི་གཙོ་དོན་བྱེད་སྒོ་ཞིག་སྤེལ་ནས་སྲོལ་རྒྱུན་རིག་གནས་དང་མི་རིགས་རྟེན་འབྲེལ་གྱི་གཞི་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་པ་དང་།དུས་ཆེན་གྱི་རྣམ་པ་ཟབ་མོ་བཏོད་ནས་མི་རིགས་ཁག་དབར་གྱི་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་ནུས་ལྡན་བཏང་བ་རེད།

ད་ཐེངས་ཀྱི་བྱེད་སྒོ་དེ་གངས་ལྗོངས་ཀྱིས་ལོ་ངོ་དྲུག་ཅུར་དགའ་སྤྲོའི་གླུ་དབྱངས་ལེན།གཞས་དང་ཞབས་བྲོས་དང་པོའི་བཅོ་ལྔའི་དུས་ཆེན་ལ་རྟེན་འབྲེལ་ཞུ་ཞེས་པ་གཙོ་དོན་དུ་བྱས་པ་དང་།སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་གྱིས་སྒྲུབ་འགན་ཁུར་ཡོད།དེའི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་།ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ།མི་རིགས་ཁག་གི་རིག་གནས་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ།གཞི་རིམ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་བཅས་ཀྱི་ཆེད་དུ་ཡིན།

བྱེད་སྒོ་དེ་ལམ་པ་གྲོང་ཚོའི་རིག་རྩལ་རུ་ཁག་གིས་ཁྱེར་ཡོང་བའི་འགོ་ཚུགས་ཞབས་བྲོའི་ལྷ་མོ《བཀྲ་ཤིས་ལོ་གསར》ཞེས་པའི་ཁྲོད་འཁྲུག་ཆ་དོད་པོའི་སྒོ་ནས་འགོ་ཚུགས་ཤིང་།འཁྲབ་སྟོན་པ་ཚོས་མཛེས་སྡུག་ལྡན་པའི་སྲོལ་རྒྱུན་གྱི་གྱོན་ཆས་གྱོན་ནས་ཕུལ་དུ་བྱུང་བའི་འཁྲབ་སྟོན་ལ་བརྟེན་ནས་མི་རིགས་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་ཡོད།དེའི་རྗེས་དམར་གྲོང་ཚོའི་རིག་རྩལ་རུ་ཁག་དང་ལམ་པ་གྲོང་ཚོའི་རིག་རྩལ་རུ་ཁག་གིས་བསྟུད་མར་ངོ་མཚར་ཆེ་བའི་གླུ་གར་འཁྲབ་སྟོན་དང་།《གམ་པ་ལ་མོ》དང་།《དབྱར་སྐྱིད་ཁྲ་མོ》 《བཀྲ་ཤིས་རྟགས་བརྒྱད》སོགས་ཀྱི་ལེ་ཚན་གྱིས་བོད་ཀྱི་རི་བོ་དང་ཆུ་བོའི་མཛེས་སྡུག་མངོན་པ་དང་།ཡང་ན་བདེ་སྐྱིད་ལྡན་པའི་འཚོ་བར་བསྟོད་བསྔགས་བྱས་པས་ཡུལ་དངོས་ཀྱི་ལྟད་མོ་བ་རྣམས་ཀྱི་ཐལ་མོའི་རྡེབ་སྒྲ་བར་མེད་དུ་གྲགས་པ་རེད།

དམར་གྲོང་རྡལ་ཟས་ཞིམ་གྲོང་ཚོའི་གྲོང་མི་བསྟན་འཛིན་ཚེ་སྒྲོལ་གྱིས་བྱེད་སྒོ་དེ་རིགས་ཧ་ཅང་ཡག་པོ་འདུག ཚང་མ་མཉམ་དུ་འཛོམས་ནས་དང་པོའི་བཅོ་ལྔའི་དུས་ཆེན་ལ་དགའ་སྤྲོའི་ངང་ནས་རྟེན་འབྲེལ་ཞུ་བ་དང་འཁྲབ་སྟོན་ལ་བལྟས་པས་ཧ་ཅང་འཁྲུག་ཆ་དོད་པོ་འདུག ལོ་ངོ་60རིང་།བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དངོས་གནས་ཚོར་ཐུབ་ནས་རང་དབར་མེད་པར་སྤོབས་པ་ཆེན་པོ་སྐྱེ་ཡི་འདུག་ཅེས་སེམས་འགུལ་ཆེན་པོས་བཤད།

བྱེད་སྒོ་སྤེལ་རིང་།ད་དུང《དང་པོའི་བཅོ་ལྔའི་དུས་ཆེན་གྱི་འགྲན་སློང》དང་།《གཉའ་ཐག་འཐེན་པ》《ལྒང་བཞུའི་གབ་ཚིག་ལ་ལན་བཏབ་ནས་དང་པོའི་བཅོ་ལྔའི་དུས་ཆེན་ལ་རྟེན་འབྲེལ་ཞུ་བ》སོགས་སྤྲོ་སྣང་ལྡན་པའི་མཉམ་འགུལ་རོལ་རྩེད་བཀོད་སྒྲིག་བྱས་པས།མང་ཚོགས་མང་པོ་ཞིག་ཧུར་ཐག་ངང་ཞུགས་པ་དང་ཡུལ་དངོས་སུ་དགའ་སྤྲོའི་དགོད་སྒྲ་རྒྱུན་ཆད་མེད་པར་གྲགས་ནས་དུས་ཆེན་གྱི་རྣམ་པར་མཐོ་རླབས་དྲག་པོ་འཕྱུར་ཡོད།

དམར་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་།གྲོང་རྡལ་གྱི་འགོ་འཛིན།རིམ་པ་བཞི་པའི་བརྟག་ཞིབ་པ་བཅས་ཡིན་པའི་རྡོ་རྗེ་དབང་འདུས་ཀྱིས་འདི་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བས་དོན་སྙིང་གལ་ཆེན་ལྡན་ཡོད།དང་པོའི་བཅོ་ལྔའི་དུས་ཆེན་ལ་བྱེད་སྒོ་འདི་འདྲ་སྤེལ་བ་ནི་ང་ཚོས་སྨོན་འདུན་དང་དགའ་སྤྲོ་མཚོན་པའི་ཐུན་མོང་མ་ཡིན་པའི་བྱ་ཐབས་ཤིག་ཡིན། བྱེད་སྒོ་དེ་རིགས་བརྒྱུད་ནས་ཚང་མས་དུས་ཆེན་གྱི་རྣམ་པ་ཟབ་མོ་ཚོར་ཐུབ་པར་མ་ཟད། མི་རིགས་ཁག་དབར་གྱི་སྤེལ་རེས་ལ་དེ་བས་སྐུལ་འདེད་ཐེབས་ཡོད།རིག་གནས་བྱེད་སྒོ་ལ་བརྟེན་ནས་གཞི་རིམ་མང་ཚོགས་ཀྱི་བསམ་པའི་འཚོ་བ་ཕུན་སུམ་ཚོགས་སུ་བཏང་ཐོག་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་ས་ཆ་དེའི་ཐོག་སྔར་བས་མཛེས་སྡུག་ལྡན་པའི་ངང་བཞད་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-02-14 6 6 拉萨日报藏文 c196320.html 1 སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་གྱིས་གཙོ་དོན་བྱེད་སྒོ་སྤེལ་ནས་དང་པོའི་བཅོ་ལྔའི་དུས་ཆེན་ལ་རྟེན་འབྲེལ་ཞུས་པ། /enpproperty-->