分享按钮

2025ལོའི་དཔྱིད་གསར་དུས་ཆེན་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུའི་ཐོག་གི་གསུང་བཤད།

(2025ལོའི་ཟླ་1ཚེས་27ཉིན་གྱི་སྔ་དྲོ)

བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ་ཚོ།

ཤིང་སྦྲུལ་ལོའི་དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བས། ང་ཚོ་འདི་རུ་འཛོམས་ནས་མཉམ་དུ་དཔྱིད་གསར་དུས་ཆེན་བསུ་རྒྱུ་ཡིན།

དང་ཐོག་ངས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས་ཚང་མར་དུས་ཆེན་གྱི་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན།རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། སྤུན་ཟླ་ཐའེ་དབན་བ།ཕྱིར་སྡོད་སྤུན་ཟླ་བཅས་ལ་ལོ་གསར་གྱི་སྨོན་འདུན་ཞུ་རྒྱུ་ཡིན།

འདས་ལ་ཉེ་བའི་འབྲུག་ལོ་ནི་ང་ཚོར་སྐུལ་མ་ཐེབས་པའི་ལོ་གཅིག་དང་། ཆར་རླུང་དང་འཇའ་ཚོན་བརྒྱུད་པའི་ལོ་གཅིག་ཡིན། ལོ་གཅིག་རིང་རྙོག་འཛིང་ཆེ་ཞིང་ཛ་དྲག་པའི་དུས་བབ་ཀྱི་མདུན་དུ་ང་ཚོས་བབ་བརླིང་སྟབས་བསྟུན་དང་། ཕྱོགས་བསྡུས་ཐབས་ཇུས་ལག་བསྟར། འགག་སྒྲོལ་དཀའ་སེལ། འབད་འབུངས་ཡར་བརྩོན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གོམ་སྟབས་གསར་པ་ཞིག་སྤོས་ཡོད།

འདས་ཟིན་པའི་ལོ་གཅིག་ནང་ང་ཚོས་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་བཏང་བ་དང་། གསོག་ཚད་སྲིད་ཇུས་ཁག་དོན་འཁྱོལ་ནུས་ལྡན་བྱས་པ། འཕར་ཚད་སྲིད་ཇུས་རབ་དང་རིམ་པ་འདོན་ཤུགས་ཆེ་རུ་བཏང་ནས་དཔལ་འབྱོར་སླར་གསོ་དང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ལ་གྲུབ་འབྲས་ཕུན་སུམ་ཚོགས་པོ་ཐོབ་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་བརྟན་པོའི་ངང་གོང་འཕེལ་བྱུང་ཡོད། ས་ཁོངས་མཐུན་སྦྱོར་གོང་འཕེལ་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་གོང་འཕེལ་གྱི་རྣམ་པ་གསར་པ་མངོན་ཡོད། འཛམ་གླིང་ཡོངས་ལ་བལྟས་ན། རང་རྒྱལ་ནི་སྔར་བཞིན་འཛམ་གླིང་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན།

ང་ཚོས་བྱ་གཞག་ཁག་མཐུན་སྦྱོར་ངང་མཉམ་དུ་སྤེལ་རྒྱུར་མཐོང་ཆེན་བྱས་ནས་སྤྱི་ཚོགས་རིང་ལུགས་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྱོང་དང་། རིག་གནས་འཛུགས་སྐྱོང་། སྤྱི་ཚོགས་འཛུགས་སྐྱོང་། འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བཅས་ཚང་མར་ཡར་རྒྱས་གསར་པ་བྱུང་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ནས་བསྒྱུར་བཅོས་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་ཡོད། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཤུགས་ཆེན་བྱས་པ་དང་། ལས་ཞུགས་དང་ཟོག་གོང་བརྟན་པོ་རྒྱུན་འཁྱོངས་ཡོང་བར་བྱས་པ། དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དང་རྒྱ་སྐྱེད་དུ་བཏང་ཡོད། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་པ་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་གོ་རིམ་ཡོད་ལ་ནུས་ལྡན་ངང་སེལ་བ། སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་ཡོད། རང་བྱུང་གནོད་འཚེ་ཚབས་ཆེན་ལ་ཁ་གཏད་ནུས་ལྡན་བཅག་ནས་གྲང་ངར་ཆེ་ཞིང་གསོ་རླུང་དཀོན་པའི་བོད་ལྗོངས་ཀྱི་དིང་རི་ས་ཁུལ་དུ་ཡོམ་འགོག་གེགས་སེལ་ལས་དོན་ནུས་པ་ཆེན་པོས་བསྒྲུབས་ཡོད། ཤང་ཀང་དང་ཨའོ་མོན། ཐའེ་དབན་བཅས་ཀྱི་ལས་དོན་མུ་མཐུད་ལེགས་པར་བསྒྲུབས་པ་དང་། ཨའོ་མོན་མེས་རྒྱལ་པང་དུ་ལོག་ནས་ལོ་ངོ་25འཁོར་བར་རྟེན་འབྲེལ་གཟབ་རྒྱས་ཞུས་ཡོད། རང་རྒྱལ་གྱི་ལུས་རྩལ་པར་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཐོག་ཕྱི་རྒྱལ་དུ་འགྲན་བསྡུར་ནང་ཞུགས་པའི་གྲུབ་འབྲས་ཡག་ཤོས་ཐོབ་པ་དེས་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭ་བུ་ཕྲུག་ལ་སྤོབས་པ་ཆེན་པོ་སྐྱེས་ཡོད།

ང་ཚོས་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོར་སྟངས་འཛིན་ཡང་དག་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཕོ་འགྱུར་ལ་སྐུལ་འདེད་ཧུར་ཐག་བཏང་བ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་གཏིང་ཟབ་ཏུ་བཏང་བ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་བ་བཅས་ཀྱི་ཐོག་ནས། འཛམ་གླིང་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་མིའི་རིཊ་ཀྱི་གོང་འཕེལ་ཡར་ཐོན་ལ་སྐུལ་འདེད་གཏོང་ཆེད་དྲང་ཕྱོགས་ཀྱི་ནུས་ཤུཊ་དེ་བས་མང་བ་བསྣན་ཡོད།

ང་ཚོས་ཏང་གི་རང་ངོས་གསར་བརྗེས་སྤྱི་ཚོགས་གསར་བརྗེར་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་།ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་བ། རུལ་སུངས་ལ་ངོ་རྒོལ་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་བཏང་བ། ཏང་གི་འགོ་ཁྲིད་སྟོབས་ཤུགས་ཆེ་བ་དང་། ཏང་སྲོལ་སྲིད་སྲོལ་རྒྱུན་མཐུད་ལེགས་སུ་བཏང་བ་བཅས་ཀྱི་ཐོག་ནས། བྱ་གཞག་ཁག་གོང་དུ་འཕེལ་བར་རྩ་བའི་འགན་ལེན་མཁོ་འདོན་བྱས་ཡོད།

ལོ་གཅིག་རིང་གི་གོང་འཕེལ་བརྒྱུད་རིམ་ཧ་ཅང་སྤྱིར་བཏང་མིན་པ་དང་གྲུབ་འབྲས་ཀྱིས་མི་རྣམས་ལ་སྐུལ་མ་ཐེབས་ཡོད། ང་ཚོས་འབད་འཐབ་བྱས་པས་དཀའ་ངལ་དང་འགལ་རྐྱེན་གང་འདྲ་ཞིག་ཡིན་རུང་ཀྲུང་གོའི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་དོན་དུ་གཉེར་བའི་མདུན་སྐྱོད་ཀྱི་གོམ་སྟབས་བཀག་འགོག་བྱ་མི་ཐུབ་ལ། ང་ཚོས་རྒྱལ་ཁབ་སྟོབས་ཆེན་འཛུཊ་སྐྲུན་དང་མི་རིཊ་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་ལོ་རྒྱུས་འཕེལ་རིམ་ཡང་བཀག་འགོག་བྱ་མི་ཐུབ་པ་ཡང་བསྐྱར་ར་སྤྲོད་ཐུབ་ཡོད། ང་ཚོས་སེམས་ཤུགས་དང་དད་སེམས་བརྟན་པོ་དེར་གཡོ་འགུལ་མི་གཏོང་བ་དང་། འགལ་བ་དང་གནད་དོན་ལ་ཐད་ཀར་ཁ་གཏད་གཅོག་པར་གཡོལ་ཐབས་མི་བྱེད་པ། ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་གཅོག་པར་ཕྱིར་བཤོལ་མི་བྱེད་པ་བཅས་བྱས་ཚེ། སྒྱུར་བཅོས་གོང་འཕེལ་གྱི་གནམ་ས་གསར་པ་གཏོད་ཐུབ་ངེས་རེད།

བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ་ཚོ།

སྤྱི་ལོ་2025ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད”ཀྱི་མཇུག་བསྡུ་བའི་ལོ་ཞིག་ཡིན། ང་ཚོས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། བརྟན་ལྷིང་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པའི་ལས་ཀའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་གྱི་གཞི་ཚུགས་ས་སྤུས་མཐོའི་གོང་འཕེལ་ཐོག་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་ཁྱོན་ཡོངས་ཀྱི་ཐོག་ནས་ལག་ལེན་བསྟར་བ། གོང་འཕེལ་གྱི་རྣམ་པ་གསར་པ་མགྱོགས་མྱུར་འཛུགས་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་ཀྱི་སྒོ་དབྱེ་རྒྱ་ཆེ་རུ་གཏོང་བ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་དང་ཕྱི་ཕྱོགས་ཀྱི་ཕོག་ཐུག་སྔོན་འགོག་དང་སེལ་བ། དཔལ་འབྱོར་རྒྱུན་མཐུད་ངང་ཡར་རྒྱས་དང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཚོགས་འཆམ་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པ། ཏང་ཁྱོན་ཡོངས་ནས་ནན་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱེད་དགོས། ང་ཚོས“ལོ་ལྔ་ཚན་གྱི་འཆར་འགོད་བཅོ་ལྔ་པའི”གྲོས་འགོ་བཟོས་ནས་བརྗིད་ཉམས་ལྡན་པའི་དམིགས་འབེན་ཕྱོགས་སུ་མུ་མཐུད་འབད་བརྩོན་བྱ་རྒྱུ་ཡིན།

ང་ཚོས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མང་ཚོགས་ཀྱི་དགོས་མཁོ་དང་དོ་ཁུར་ལ་དུས་ཐོག་དང་ནུས་ལྡན་གྱིས་ལན་ཆ་སྤྲོད་པ། སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་དམངས་འཚོའི་དོན་དག་ལེགས་པར་སྒྲུབ་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ཏེ། དེང་རབས་ཅན་འཛུགས་སྐྱོང་གི་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་ཕན་པ་ཐོབ་ཏུ་འཇུག་དགོས།

བློ་མཐུན་རྣམ་པ་དང་གྲོགས་པོ་རྣམ་པ་ཚོ།

ཀྲུང་ཧྭའི་རིག་གནས་ནང་སྦྲུལ་ནི་སྤྱང་གྲུང་དང་། བློ་གྲོས། གསོན་ཤུགས་བཅས་ཀྱི་མཚོན་རྟགས་ཤིག་ཡིན་ཞིང་། དེའི་ཐོག་ནས་ལོ་ལེཊ་དང་། བཀྲ་ཤིས་པ། ཕུན་སུམ་ཚོགས་པའི་གོ་དོན་མཚོན་གྱི་ཡོད། སྦྲུལ་ལོར། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སྦྲུལ་ལྟར་ལེ་དབར་སྟོང་ལ་བསྐྱོད་པའི་ངར་ཤུཊ་ལ་བརྟེན་ནས་སེམས་ཤུགས་དང་རེ་བ་བཅངས་ནས་གསར་གཏོད་ཡར་རྒྱས་དང་བློ་བརྟན་འགྱུར་མེད་ངང་འབད་འཐབ་བྱས་ཏེ། ཐུན་མོང་ཐོག་ཀྲུང་གོའི་ལུཊ་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་རྩོམ་རྒྱུའི་རེ་བ་ཡོད།

མཇུག་ཏུ་ལྷན་རྒྱས་སྐུ་གཟུགས་གསལ་ཐང་དང་། ལས་དོན་ལམ་ལྷོངས། ཁྱིམ་ཚང་འཆམ་མཐུན། སྦྲུལ་ལོ་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ།

ལྷན་རྒྱས་ཐུགས་རྗེ་ཆེ།

(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་27ཉིན་འབྱོར་བའི་གློག་འཕྲིན)

(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-01-29 ཞི་ཅིན་ཕིང་གིས། (2025ལོའི་ཟླ་1ཚེས་27ཉིན་གྱི་སྔ་དྲོ) 6 6 拉萨日报藏文 c195566.html 1 2025ལོའི་དཔྱིད་གསར་དུས་ཆེན་གྱི་ལྷན་འཛོམས་རྟེན་འབྲེལ་ཚོགས་འདུའི་ཐོག་གི་གསུང་བཤད། /enpproperty-->