ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་27ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རིའི་ཨའེ་ཨའོ་ཝ་མངའ་སྡེའི་གྲོགས་པོར་ལོ་གསར་གྱི་རྟེན་འབྲེལ་ཤོག་བྱང་བསྐུར་ནས་དུས་ཆེན་གྱི་སྨོན་འདུན་ཞུས་ཡོད།
ཞི་ཅིན་ཕིང་གིས།ང་རང་ལོ་40ཡི་གོང་མཛེས་སྡུག་ལྡན་པའི་ཨའེ་ཨའོ་ཝ་མངའ་སྡེ་རུ་འཚམས་འདྲིར་འགྲོ་སྐབས་ཁྱེད་རྣམ་པས་སྤྲོ་སེམས་འཁོལ་པོས་སྣེ་ལེན་བྱས་པ་དེ་ད་ལྟའང་བརྗེད་ཀྱི་མི་འདུག ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ལ་ཐུན་མོང་གི་ཁེ་ཕན་རྒྱ་ཆེན་པོ་དང་མཉམ་ལས་ཀྱི་བར་སྟོང་རྒྱ་ཆེན་པོ་ཡོད་པས། རོགས་ཟླ་དང་གྲོགས་པོར་གྱུར་ནས་ཕན་ཚུན་གྲུབ་འབྲས་ཐོབ་པ་དང་མཉམ་དུ་དར་རྒྱས་བཏང་ན་རྒྱལ་ཁབ་གཉིས་ལ་བདེ་སྐྱིད་བསྐྲུན་ཐུབ་པ་དང་།འཛམ་གླིང་ལ་ཕན་པ་ཐོབ་ཐུབ།རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་འགྲོ་འོང་དང་སྤེལ་རེས་མང་ཙམ་བྱས་ཏེ།མུ་མཐུད་དུ་མཛའ་བརྩེའི་གཏམ་རྒྱུད་མཉམ་དུ་བྲིས་ནས། ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
དེ་སྔོན།ཨ་རིའི་ཨའེ་ཨའོ་ཝ་མངའ་སྡེའི་གྲོགས་པོ་པེ་ལུང་དང་། ཏེ་ཝོ་ཆེ་ཁེ། ལན་ཏིས། ཀྲུང་གོར་བཅའ་སྡོད་ཨ་རིའི་དེ་སྔའི་གཞུང་ཚབ་ཆེན་མོ་པུའུ་ལན་སི་ཐ་ཏེ་བཟའ་ཟླ། འཛམ་གླིང་འབྲུ་རིགས་བྱ་དགའ་ཐེབས་རྩ་ལྷན་ཚོགས་ཀྱི་དེ་སྔའི་ཀྲུའུ་ཞི་ཁུའེ་ཡུན། དེ་བཞིན་མངའ་སྡེ་དེའི“མ་འོངས་པའི་ལོ་ལྔའི་ནང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི་5ཀྲུང་གོར་བརྗེ་རེས་དང་སློབ་སྦྱོང་བྱེད་པར་གདན་འདྲེན་ཞུས་པའི”གྲོས་གཞིའི་ནང་ཞུགས་པའི་དགེ་སློབ་དང་ཁྱིམ་བདག་གི་འཐུས་མི་སོགས་མི་58ཀྱིས་མཉམ་དུ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལོ་གསར་གྱི་རྟེན་འབྲེལ་ཤོག་བྱང་བསྐུར་ཡོད། ཨ་རི་ཕྱོགས་ཀྱི་གྲོགས་པོས་རྟེན་འབྲེལ་ཤོག་བྱང་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས1985ལོར་ཨའེ་ཨའོ་ཝ་མངའ་སྡེ་ལ་འཚམས་འདྲི་ཐེངས་དང་པོ་གནང་བའི་གནས་ཚུལ་ལ་ཕྱིར་དྲན་བྱས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་ལ་སྦྲུལ་ལོའི་ལོ་གསར་གྱི་སྨོན་འདུན་ཞུས་ཡོད། དགེ་སློབ་དང་ཁྱིམ་བདག་གི་འཐུས་མིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས“ལོ་ལྔར་ཁྲི་ལྔ”ཡི་གྲོས་འགོ་བཏོན་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཀྲུང་གོར་འཚམས་འདྲིར་ཡོང་བའི་མྱོང་ཚོར་མཉམ་སྤྱོད་བྱས་པར་མ་ཟད།སླར་ཡང་ཀྲུང་གོར་འཚམས་འདྲིར་ཡོང་འདོད་ཡོད་ཅེས་བསྟན་པ་རེད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社