分享按钮

ལྷ་སས“ལས་རྣམ་ལྔའི་འཕེལ་རྒྱས་ཁུལ”ལེགས་སུ་གཏོང་རྒྱུར་དམིགས་ནས་གྲོང་ཁྱེར་གྱི་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་སུ་བཏང་བ།

(པར་ངོས་དང་པོར་མཐུད)མཚན་མོའི་ཁྲོམ་བཀྱག གློག་བརྙན་ཁང་སོགས་ཡོད་པས། ཉོ་ཚོང་ལྟེ་གནས་དེས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། མཚན་མོའི་ཉོ་ཚོང་དང་། མཚན་མོའི་གསོལ་སྟོན། མཚན་མོའི་ཡུལ་སྐོར། མཚན་མོའི་རོལ་རྩེད། མཚན་མོའི་འཁྲབ་སྟོན་སོགས་མཚན་མོའི་འཛད་སྤྱོད་རྣམ་པ་སྔར་བས་ཕུན་སུམ་ཚོགས་སུ་བཏང་ནས། ཉོ་ཚོང་ཉམས་ལེན་དང་། བཟའ་བཏུང་ལོངས་སྤྱོད། རིག་གནས་འཚོལ་ཞིབ། སྤྲོ་གསེང་རོལ་རྩེད་སོགས་གཞི་གཅིག་ཏུ་འདུས་པའི་དཔལ་འབྱོར་གྱི་བྱེད་སྒོ་སྤེལ་ཡུལ་བཏོད་ཡོད། གྲོང་བྱང་གནམ་ས་གསར་པའི་ཉོ་ཚོང་ལྟེ་གནས་ཀྱི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལིང་ཧྭ་ཡིས། སླད་ཕྱིན་ང་ཚོས་འཁྲབ་སྟོན་བྱེད་སྒོ་རྣམ་པ་སྣ་ཚོགས་མུ་མཐུད་སྤེལ་ནས་མཚན་མོའི་དཔལ་འབྱོར་གྱི་འཕེལ་རྒྱས་ལ་ཚ་རླབས་གསར་པ་ཞིག་འཕྱུར་བར་བྱ་རྒྱུ་མ་ཟད། མཚན་མོར་ཚགས་ཤ་འགྲེམས་ཚོང་བྱེད་པ་དང་། ལོ་གསར་སྐབས་ཚོན་ཁྲ་ཅན་གྱི་ཤོག་སྦག་རྒྱག་པ། མཚན་མོར་ལོ་གསར་གྱི་མཁོ་ཆས་འགྲེམས་ཚོང་བྱེད་པ། ཉོ་ཚོང་ལྟེ་གནས་ཀྱི་ལོ་འཁོར་དུས་སྟོན་འཚོག་པ་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་མཚན་མོའི་འཛད་སྤྱོད་ལ་སྔར་བས་ལེགས་པའི་རྣམ་པ་བཟང་པོ་ཞིག་གཏོད་རྒྱུ་ཡིན་ཞེས་བཤད།

ལྷ་ས་གྲོང་ཁྱེར་གྱི་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བར། རིག་གནས་དང་ཡུལ་སྐོར་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་མཚན་མོའི་དཔལ་འབྱོར་གཅིག་བསྡུས་ཁུལ་ཁག་གཅིག་གཏོད་རྒྱུར་ཤུགས་རྒྱག་དགོས་པ་དང་། སྤུས་ཚད་མཐོ་ལ་དར་སྲོལ་ཆེ་བའི་མཚན་མོའི་འཛད་སྤྱོད་ཀྱི་རྣམ་པ་ཁག་ཅིག་སྐྱེད་སྲིང་བྱེད་དགོས་པར་མ་ཟད། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རང་གྲོང་གིས་2024ལོར་གྲོང་བྱང་གནམ་ས་གསར་པའི་ཉོ་ཚོང་ལྟེ་གནས་དང་། ཐེན་ཧའེ་རྒྱལ་སྤྱིའི་ཐང་ཆེན། སྣེའུ་ཝན་ཏཱ་ཐང་ཆེན། ཚེ་མཆོག་གླིང་བོད་ལུགས་སྒོ་རའི་ཁྲོམ་གཞུང་བཅས་4ནི་མཚན་མོའི་དཔལ་འབྱོར་གྱི་དཔེ་སྟོན་ཁུལ་དུ་གཏན་འཁེལ་བྱས་ཤིང་། ལྷ་སའི་དབྱིངས་དང་། བོད་ལྗོངས་ཐེན་ཧའེ་ཚོང་ར། བར་སྐོར་ཚོང་གྲོང་། ལྷ་ས་གྲོང་ཁྱེར་གྱི་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས། སྟོད་ལུང་མཚན་ཁྲོམ་སོགས་10མཚན་མོའི་དཔལ་འབྱོར་གྱི་དཔེ་སྟོན་ས་ཚིགས་སུ་གཏན་འཁེལ་བྱས་ཏེ། གྲོང་ཁྱེར་གྱི་རིམ་པ་སྤོར་རྒྱུ་དང་གྲོང་ཁྱེར་གྱི་དོ་དམ་ལེགས་སུ་གཏོང་རྒྱུར་སྐུལ་འདེད་བཏང་བ་རེད། གྲོང་མི་སྒྲོལ་མས། དེ་སྔ་ལྷ་སའི་མཚན་མོ་འཁྲུག་ཆ་དོད་པོ་མེད། ད་ཆ་མཚན་མོའི་དཔལ་འབྱོར་གྱི་བྱེད་སྒོ་ཕུན་སུམ་ཚོགས་པས་གྲོང་ཁྱེར་ཧྲིལ་པོར་དེ་བས་གསོན་ཤུགས་ལྡན་པའི་ཚོར་སྣང་སྟེར་གྱི་འདུག ང་ཚོས་རོལ་རྩེད་སྣ་ཚོགས་རྩེད་ཐུབ་པ་དང། རིག་གནས་ཀྱི་ནང་དོན་ཉམས་སུ་མྱོང་ཐུབ་པར་མ་ཟད། ད་དུང་ཁྱད་ལྡན་གྱི་ཚོང་ཟོག་སྣ་ཚོགས་ཀྱང་ཉོ་ཐུབ་ཀྱི་འདུག སླད་ཕྱིན་ལྷ་སའི་མཚན་མོ་དེ་བས་འཁྲུག་ཆ་དོད་དུ་འགྲོ་རྒྱུའི་རེ་བ་ཡོད་ཅེས་བཤད།

མཚན་མོའི་དཔལ་འབྱོར་ནི་ཕྱོགས་གཅིག་ནས་བཤད་ན་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བ་ཡོད་ལ། ཕྱོགས་གཞན་ཞིག་ནས་བཤད་ན་དམངས་འཚོའི་བདེ་སྐྱིད་དང་འབྲེལ་བ་ཡོད་པས། དེས་གྲོང་ཁྱེར་གྱི་མཚན་མོར་བཀྲག་མདངས་འཚེར་བའི་འོད་མདངས་ཤིག་བསྣན་ཞིང་། དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་ཞིག་དེ་བས་བསབས་ཡོད། ཉེ་བའི་ལོ་ཤས་རིང་། རང་གྲོང་གིས་ཚོང་ལས་བྱེད་སྒོའི་དུས་ཚོད་རིང་དུ་བཏང་སྟབས། འཛད་སྤྱོད་ཀྱི་གྲངས་འཕར་རྒྱུར་སྐུལ་ཁྲིད་ཐུབ་པ་དང་། གྲོང་ཁྱེར་གྱི་དཔལ་འབྱོར་ལའང་འཕར་གཞི་གསར་པ་བྱུང་བར་མ་ཟད། ལས་ཞུགས་ཀྱི་ལས་གནས་ཀྱང་འབོར་ཆེན་བཏོད་ཐུབ་ཡོད། ད་དུང《མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་གྱི་ལག་བསྟར་བསམ་འཆར》ཞིབ་འཇུག་བྱས་ནས་བཟོས་ཏེ། 2025ལོར་སླེབས་སྐབས་གྲོང་ཁྱེར་ཡོངས་ཀྱིས་སྤུས་ཚད་མཐོ་བའི་མཚན་མོའི་དཔལ་འབྱོར་དཔེ་སྟོན་ཁུལ་10དང་མཚན་མོའི་དཔལ་འབྱོར་དཔེ་སྟོན་ས་ཚིགས་20སྐྱེད་སྲིང་དང་གཏན་འཁེལ་བྱ་རྒྱུ་ཁ་གསལ་བཏོན་ཡོད། ལྷ་སའི་མཚན་མོའི་དཔལ་འབྱོར་ཐད། མཚན་མོའི་ཉོ་ཚོང་དང་། མཚན་མོའི་གསོལ་སྟོན། མཚན་མོའི་ཡུལ་སྐོར། མཚན་མོའི་རོལ་རྩེད། མཚན་མོའི་འཁྲབ་སྟོན། མཚན་མོའི་ལུས་རྩལ། མཚན་ཟས། མཚན་མོའི་ལྟ་ཀློག མཚན་མོའི་ཉལ་ཁང་། མཚན་མོའི་སློབ་གྲྭ་བཅས་ཟུར་ཚད་10ཡི་ཐོག་ནས་གནད་སྨིན་གྱི་བྱ་ཐབས་བཟོས་ཤིང་། འགན་འཁྲིའི་ཚན་པ་ཁ་གསལ་བཟོས་པ་དང་། ལས་ཀའི་འགན་འཁྲི་ནན་དུ་བཏང་བ། མིག་ཤེས་སུ་གྱུར་པའི་ཚོར་བ་དང་། རྣ་ཤེས་སུ་གྱུར་པའི་ཚོར་བ། ལྕེ་ཤེས་སུ་གྱུར་པའི་ཚོར་བ། སྣ་ཤེས་སུ་གྱུར་པའི་ཚོར་བ། ལུས་ཤེས་སུ་གྱུར་པའི་ཚོར་བ་བཅས་ཚོར་བ་ལྔ་གཅིག་ཏུ་འདུས་པའི་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མ་ལག་ནུས་ཤུགས་ཡོད་རྒུས་བཏོད་དེ། མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་དགོས་མཁོ་སྔར་བས་བསྐངས་ཡོད།

གྲོང་ཁྱེར་ཚོང་དོན་ཅུས་ཁྲོམ་རའི་མ་ལག་འཛུགས་སྐྲུན་ཁོའོ་ཡི་ཁོའོ་ཀྲང་ལི་ནའེ་ཤོན་གྱིས། 2024ལོར་ལྷ་ས་གྲོང་ཁྱེར་གྱི་མཚན་མོའི་དཔལ་འབྱོར་ཁུལ་བསྐྲུན་པ་དེས་གྲོང་ཁྱེར་གྱི་རིག་གནས་དང་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་དང་། གྲོང་ཁྱེར་གྱི་ཡིད་དབང་འཕྲོག་ཤུགས་དང་འགྲན་རྩོད་ནུས་པ་ཆེ་རུ་ཕྱིན་པ། བཟའ་བཏུང་དང་། རོལ་རྩེད། ཡུལ་སྐོར་སོགས་ཐོན་ལས་མང་པོ་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་པ། ལས་རྣམ་གསར་པ་དང་ཚོང་རྣམ་གསར་པ་ཐོན་པ། ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་རིམ་སྤོར་ལ་སྐུལ་འདེད་ཐེབས་པ་བཅས་ཀྱི་གྲུབ་འབྲས་བཟང་པོ་ཐོབ་ཡོད། རྗེས་མར་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་མཚན་མོའི་དཔལ་འབྱོར་ལས་དོན་ལ་སྐུལ་འདེད་གཏོང་རིང་། འཛད་སྤྱོད་པའི་སྣ་མང་ཅན་གྱི་དགོས་མཁོ་སྔར་བས་སྐོང་བ་དང་། དེ་བས་ཕུན་སུམ་ཚོགས་པའི་འཛད་སྤྱོད་ཀྱི་རྣམ་པ་མཁོ་འདོན་བྱེད་པ། གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་ཀྱི་སྒོ་ནས་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་རྒྱུར་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད།

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2025-01-06 6 6 拉萨日报藏文 c194260.html 1 ལྷ་སས“ལས་རྣམ་ལྔའི་འཕེལ་རྒྱས་ཁུལ”ལེགས་སུ་གཏོང་རྒྱུར་དམིགས་ནས་གྲོང་ཁྱེར་གྱི་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་སུ་བཏང་བ། /enpproperty-->