(པར་ངོས་དང་པོར་མཐུད)བཟའ་ཚོ་གཉིས་ཀྱི་ལས་ཀར་བྲེལ་བ་ཆེ་བ་དང་། གུང་གསེང་བཏང་རྗེས་ཕྲུ་གུར་ལྟ་སྐྱོང་བྱེད་མཁན་མེད་པས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡོད་པར་མ་ཟད། ད་དུང་བྱིས་པའི་སློབ་སྦྱོང་གི་མྱུར་ཚད་དང་སྤྱི་ཚོགས་ཀྱི་འབྲེལ་འདྲིས་འཕེལ་རྒྱས་ལ་ཤུགས་རྐྱེན་ཐེབས་སྲིད་པའི་སྐོར་ཞུས་ཡོད། ཡོངས་ཁྱབ་ཏུ་གནས་པའི་དཀའ་གནད་དེའི་མདུན་དུ་སྡེ་ཁུལ་གྱིས་ཚད་མཐོའི་མཐོང་ཆེན་བྱས་ནས་མགྱོགས་མྱུར་བྱ་སྤྱོད་སྤེལ་ཏེ་དགུན་ཁའི་གུང་གསེང་གི་ཕྱེད་བཅོལ་འཛིན་གྲྭ་བཙུགས་ནས་བྱ་སྤྱོད་དངོས་ལ་བརྟེན་ནས་གྲོང་མིའི་དཀའ་ངལ་སེལ་རྒྱུའི་ཐག་བཅད་པ་རེད།
ཕྱེད་བཅོལ་འཛིན་གྲྭ་བདེ་བླག་ངང་འཛུགས་རྒྱུའི་འགན་ལེན་བྱ་ཆེད། གཅིག་འཛུགས་སྡེ་ཁུལ་ཀྱིས་ཞིབ་ཚགས་པའི་གྲ་སྒྲིག་ལས་དོན་འབོར་ཆེན་བསྒྲུབས་ཤིང་། སྡེ་ཁུལ་དུ་ཉམས་མྱོང་ཕུན་སུམ་ཚོགས་པའི་སྡེ་ཁུལ་གྱི་ལས་དོན་པ་མང་པོ་ལས་གྲུབ་པའི་ཆེད་དོན་ལས་དོན་ཚོགས་ཆུང་བཙུགས་ཏེ་ཕྱེད་བཅོལ་འཛིན་གྲྭའི་སྤྱི་ཡོངས་ཀྱི་འཆར་འགོད་དང་ཞིབ་ཕྲའི་ལག་བསྟར་བྱེད་འགན་ཁུར་ཡོད། ལས་དོན་ཚོགས་ཆུང་གིས་ཕྱེད་བཅོལ་འཛིན་གྲྭ་གཉེར་བའི་འདུ་ཤེས་གསལ་སྟོན་གྱིས་སློབ་ཚན་བཀོད་སྒྲིག་དང་། དགེ་རྒན་བཀོད་སྒྲིག བདེ་འཇགས་འགན་ལེན་སོགས་ཀྱི་ནང་དོན་ཞིབ་ཕྲ་བཟོས་པ་རེད།
སློབ་ཚན་བཀོད་སྒྲིག་ཐད་ལས་དོན་ཚོགས་ཆུང་གིས་བྱིས་པའི་ལོ་ཚོད་ཀྱི་ཁྱད་ཆོས་དང་དགའ་ཕྱོགས་ཐད་བསམ་གཞིག་གང་ལེགས་བྱས་ཏེ་སྣ་མང་ཕུན་སུམ་ཚོགས་པའི་སློབ་ཚན་རབ་དང་རིམ་པ་ཇུས་འགོད་ཞིབ་ཚགས་བྱས་ཡོད། སློབ་ཚན་དེ་དག་ནང་རིག་གནས་སློབ་སྦྱོང་དང་། དང་བླངས་ཞབས་ཞུ། ལུས་རྩལ་སྦྱོང་བརྡར་སོགས་ཀྱི་ཕྱོགས་ཚུད་ཡོད་ཅིང་། དེའི་དམིགས་ཡུལ་ནི་ཕྱོགས་ཡོངས་ནས་བྱིས་པའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་ཆེད་ཡིན། དཔེར་ན། རིག་གནས་སློབ་སྦྱོང་གི་སློབ་ཚན་ནང་སྐད་ཡིག་དང་། རྩིས་རིག དབྱིན་ཡིག་སོགས་རྨང་གཞིའི་རིག་ཚན་ཚུད་ཡོད། དེའི་དམིགས་ཡུལ་ནི་ཕྲུ་གུ་ཚོས་སྦྱངས་པའི་ཤེས་བྱ་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུར་རོགས་རམ་བྱ་ཆེད་ཡིན་པ་དང་། དང་བླངས་ཞབས་ཞུའི་སློབ་ཚན་གྱིས་ཕྲུ་གུ་ཁྱིམ་ནས་ཕྱིར་ཐོན་ཏེ་སྡེ་ཁུལ་གྱི་སྤྱི་ཕན་བྱེད་སྒོའི་ནང་ཞུགས་རྒྱུར་སྐུལ་མ་གཏོང་བ་དང་། ཁོང་ཚོའི་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་དང་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་གསོ་སྐྱོང་བྱེད་པ། ལུས་རྩལ་སྦྱོང་བརྡར་སློབ་ཚན་གྱིས་བྱིས་པའི་ལུས་སེམས་བདེ་ཐང་ལ་དོ་སྣང་བྱེད་པ་དང་སྤྲོ་བ་ལྡན་པའི་ལུས་རྩལ་གྱི་བྱེད་སྒོ་བརྒྱུད་ནས་ཁོང་ཚོའི་ལུས་རྩལ་གྱི་སྤྲོ་བ་འཕེལ་བར་བྱས་ནས་གཟུགས་གཞི་ཐང་དུ་གཏོང་གི་ཡོད་པ་རེད།
དགེ་རྒན་བཀོད་སྒྲིག་ཐད་གཅིག་འཛུགས་སྡེ་ཁུལ་གྱིས་སྡེ་ཁུལ་ཕྱི་ནང་གི་ཐོན་ཁུངས་བསྡུ་སྒྲིལ་ཧུར་ཐག་བྱས་ནས་སྡེ་ཁུལ་གྱི་ལས་དོན་པ་དང་། དང་བླངས་པ། ཆེད་ལས་དགེ་རྒན་བཅས་ལས་གྲུབ་པའི་སློབ་ཁྲིད་ཚོགས་པ་སྟོབས་ལྡན་ཞིག་སྒྲིག་འཛུགས་བྱས་པ་རེད། དགེ་རྒན་དེ་དག་ལ་སློབ་གསོ་དང་སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པར་མ་ཟད། ད་དུང་ཕྲུ་གུ་དང་འབྲེལ་གཏུག་བྱེད་པར་ཡང་མཁས་པོ་ཡོད། ཁོང་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཁྲིད་བྱེད་པ་དང་། ཕྲུ་གུ་ཚང་མའི་འཚར་ལོངས་ཀྱི་དགོས་མཁོར་དོ་ཁུར་བྱེད་པ། ངང་རྒྱུད་རིང་པོ་དང་བརྩེ་སེམས་ལ་བརྟེན་པ་བཅས་བྱས་ནས་ཕྲུ་གུ་ཚོར་དྲོ་སྐྱིད་ལྡན་པ་དང་འཆམ་མཐུན་གྱི་སློབ་སྦྱོང་དང་འཚར་ལོངས་ཀྱི་ཁོར་ཡུག་ཅིག་བཏོད་ཡོད། ཕྱེད་བཅོལ་འཛིན་གྲྭའི་ནང་ཕྲུ་གུ་ཚོར་ཤེས་བྱ་ཤེས་པར་མ་ཟད། དགེ་རྒན་དང་སློབ་གྲོགས་ཀྱི་གཅེས་སེམས་དང་དྲོ་སྐྱིད་ཡང་ཚོར་ཐུབ་པ་བྱུང་ཡོད་པ་རེད།
བདེ་འཇགས་འགན་སྲུང་ནི་ཕྱེད་བཅོལ་འཛིན་གྲྭ་འཛུགས་རྒྱུའི་གལ་ཆེའི་ནང་གི་འགངས་ཆེའི་གནད་ཅིག་ཡིན། དེར་བརྟེན། གཅིག་འཛུགས་སྡེ་ཁུལ་གྱིས་བདེ་འཇགས་དོ་དམ་ལམ་ལུགས་ནན་པོ་བཟོས་ཡོད་ཅིང་། དེའི་ནང་གནས་ཡུལ་ལ་བདེ་འཇགས་ཞིབ་བཤེར་དང་། སྐྱེལ་བསུའི་ཐོ་འགོད། ཛ་དྲག་གི་སྔོན་ཇུས་སོགས་ཚུད་ཡོད། སྡེ་ཁུལ་གྱིས་དུས་བཀག་ནང་ཕྱེད་བཅོལ་འཛིན་གྲྭའི་གནས་ཡུལ་ལ་བདེ་འཇགས་ཞིབ་བཤེར་བྱས་ནས་སྒྲིག་ཆས་ལ་སྐྱོན་ཆ་མེད་པའི་འགན་ལེན་བྱེད་པ་དང་ཆབས་ཅིག་སྡེ་ཁུལ་གྱིས་ཁྱིམ་བདག་སྒྲིག་འཛུགས་བྱས་ནས་ཕྱེད་བཅོལ་འཛིན་གྲྭའི་བདེ་འཇགས་ཀྱི་གྲོས་མཐུན་ཡི་གེ་བཞག་སྟེ། ཕྱོགས་གཉིས་པོའི་འགན་འཁྲི་དང་འོས་འགན་ཁ་གསལ་བཟོས་ནས་ཁྱིམ་བདག་གི་བདེ་འཇགས་ཀྱི་བསམ་པ་དང་ཡིད་ཆེས་ཀྱི་བསམ་པ་ཆེ་རུ་བཏང་ཡོད། ཕྱེད་བཅོལ་འཛིན་གྲྭ་བཙུགས་རིང་། སྡེ་ཁུལ་གྱི་ལས་དོན་པ་དང་དང་བླངས་པས་ཐོག་མཐའ་བར་གསུམ་དུ་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་དོགས་ཟོན་རང་བཞིན་རྒྱུན་འཁྱོངས་བྱས་ནས་ཕྲུ་གུ་རྣམས་ཀྱི་བདེ་འཇགས་ལ་སེམས་ཁྲལ་མེད་པའི་འགན་ལེན་བྱེད་ཀྱི་ཡོད་པ་རེད།
གཞན་ཡང་ཕྱེད་བཅོལ་འཛིན་གྲྭ་དངོས་སུ་འགོ་མ་ཚུགས་གོང་། གཅིག་འཛུགས་སྡེ་ཁུལ་གྱིས་ཁྱིམ་བདག་གི་ཚོགས་འདུ་འཚོགས་ནས་ཕྱེད་བཅོལ་འཛིན་གྲྭའི་གྲ་སྒྲིག་ལས་དོན་དང་སློབ་ཚན་བཀོད་སྒྲིག་གི་གནས་ཚུལ་ངོ་སྤྲོད་ཞིབ་ཕྲ་བྱས་པ་རེད། ཚོགས་འདུའི་ཐོག་ཁྱིམ་བདག་གིས་ཕྱེད་བཅོལ་འཛིན་གྲྭར་ཚད་མཐོའི་ཁས་ལེན་བྱས་པ་དང་སྦྲགས་གཅིག་རྗེས་གཉིས་མཐུད་ངང་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་ཚོས་བྱ་ཐབས་འདིས་ང་ཚོའི་སེམས་ཁྲལ་ཐག་གཅོད་ཏན་ཏིག་བྱས་ནས་ཕྲུ་གུ་ཚོས་གུང་གསེང་རིང་ཤེས་བྱ་སློབ་སྦྱོང་བྱེད་ཐུབ་ལ་གྲོགས་པོ་གསར་པ་ཡང་སྒྲིག་ཐུབ་རྒྱུ་རེད་ཅེས་བཤད། ཁྱིམ་བདག་གི་ཚོགས་འདུའི་ཐོག་སྡེ་ཁུལ་གྱི་ལས་དོན་པས་ཁྱིམ་བདག་གིས་དོ་ཁུར་བྱེད་པའི་གནད་དོན་ལ་ངང་རྒྱུད་རིང་པོས་ལན་བཏབ་ནས་ཁོང་ཚོའི་དོགས་པ་དང་སེམས་ཁྲལ་སེལ་ཡོད།
དུས་ཡུན་ངེས་ཅན་ཞིག་གི་རིང་སློབ་ཁྲིད་བྱས་པ་བརྒྱུད་ཕྱེད་བཅོལ་འཛིན་གྲྭར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ཕྲུ་གུས་ཕྱེད་བཅོལ་འཛིན་གྲྭའི་ནང་ཤེས་བྱ་ཕུན་སུམ་ཚོགས་པོ་ཤེས་པར་མ་ཟད། ད་དུང་གྲོགས་པོ་གསར་པ་མང་པོ་ཞིག་ཀྱང་སྒྲིག་པ་དང་། ཁོ་ཚོ་སློབ་ཚན་དང་བྱེད་སྒོ་སྣ་ཚོགས་ནང་ཧུར་ཐག་ཞུགས་ནས་ཧུར་བརྩོན་ཡར་བརྩོན་གྱི་བསམ་པའི་རྣམ་པ་དང་སློབ་སྦྱོང་གི་གོམས་གཤིས་བཟང་པོ་མངོན་ཡོད། ཁྱིམ་བདག་གིས་ཕྲུ་གུ་ཚོས་ཕྱེད་བཅོལ་འཛིན་གྲྭ་གཉེར་རིང་ཤེས་བྱ་ཧ་ཅང་ཕུན་སུམ་ཚོགས་པོ་ཤེས་པར་མ་ཟད། སྤྲོ་སྣང་ལྡན་པའི་འཚོ་བ་སྐྱེལ་གྱི་ཡོད་པས། སྡེ་ཁུལ་གྱི་བྱེད་ཐབས་འདིར་ང་ཚོ་ཧ་ཅང་བློ་ཡིད་ཚིམ་པོ་བྱུང་ཞེས་གཅིག་རྗེས་གཉིས་མཐུད་ངང་ཤོད་པ་དང་། ཁྱིམ་བདག་ཁ་ཤས་ཀྱིས་ཕྲུ་གུ་ཕྱེད་བཅོལ་འཛིན་གྲྭའི་ནང་ཞུགས་རྗེས་ཡིད་ཆེས་དང་སྤྲོ་སྣང་ཆེ་རུ་ཕྱིན་པ་དང་མི་གཞན་དང་འབྲེལ་འདྲིས་བྱེད་པའི་ནུས་པ་ཡང་ཆེ་རུ་ཕྱིན་འདུག་ཅེས་ཤོད་ཀྱི་ཡོད་པ་རེད།
འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཚེ། གཅིག་འཛུགས་སྡེ་ཁུལ་གྱིས་ཞབས་ཞུའི་རྣམ་པ་མུ་མཐུད་གཏིང་ཟབ་ཏུ་བཏང་ནས་ཕྱེད་བཅོལ་འཛིན་གྲྭའི་དོ་དམ་དང་ཞབས་ཞུ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་རྒྱུ་ཡིན་ཞིང་། སྡེ་ཁུལ་གྱིས་སློབ་གྲྭ་དང་། ཁྱིམ་བདག སྤྱི་ཚོགས་ལས་རིགས་ཁག་བཅས་དང་འབྲེལ་གཏུག་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཕྲུ་གུ་ཚོར་ཐུན་མོང་ཐོག་འཐུས་ཚང་དང་ཕུན་སུམ་ཚོགས་པའི་གུང་གསེང་གི་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་ཅིག་གཏོད་རྒྱུ་དང་། ཆབས་ཅིག་སྡེ་ཁུལ་གྱིས་ཕྱེད་བཅོལ་འཛིན་གྲྭའི་རྒྱུན་མཐུད་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱ་རྒྱུ་ཡིན་པ་སྟེ། དཔེར་ན། སྤྱི་ཚོགས་ཀྱི་མ་དངུལ་ནང་འདྲེན་དང་ཞབས་ཞུའི་ནང་དོན་རྒྱ་སྐྱེད་གཏོང་བ་སོགས་བྱས་ནས་ཕྱེད་བཅོལ་འཛིན་གྲྭ་འདི་ཉིད་ཡུན་རིང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་ཐོག་སྡེ་ཁུལ་གྱི་ཁྱིམ་ཚང་དེ་བས་མང་བར་སྟབས་བདེ་དང་རོགས་རམ་བྱ་རྒྱུ་ཡིན་པ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社