分享按钮

ཞི་ཅིན་ཕིང་གིས་ཀྲུང་གོ་དང་།ཁེར་གྷི་སི་ཐན།ཨུ་ཟ་བྷེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་རྣམ་གྲངས་ཀྱི་འགོ་ཚུགས་མཛད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

(པར་ངོས་དང་པོར་མཐུད)

ཞི་ཅིན་ཕིང་གིས།ཀྲུང་གོ་དང་།ཁེར་གྷི་སི་ཐན།ཨུ་ཟ་བྷེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་འཛུགས་སྐྲུན་བྱ་རྒྱུ་ནི་རྒྱལ་ཁབ་གསུམ་གྱི་སྲིད་གཞུང་གིས་ས་ཁོངས་ཕན་ཚུན་དབར་འབྲེལ་མཐུད་དང་ས་ཁུལ་དར་རྒྱས་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་བཏོན་པའི་འཐབ་ཇུས་ཤིག་ཡིན་ཞིང་། རྒྱལ་ཁབ་གསུམ་གྱི་མི་དམངས་ཀྱིས་འཐབ་ཇུས་བགྲོད་ལམ་དེ་གཏོད་རྒྱུར་བཅངས་པའི་རེ་འདུན་མངོན་ཡོད།འགོ་ཚུགས་མཛད་སྒོ་སྤེལ་བ་དེའི་ཐོག་ནས་རྣམ་གྲངས་དེ་འཆར་བཀོད་བྱས་པ་ནས་ལག་ལེན་བསྟར་བའི་བར་རླངས་འཁོར་ཤར་གཏོང་གི་དམིགས་ཚད་ཕྱོགས་སུ་འགག་རྩའི་གོམ་པ་སྤོས་པ་མཚོན་གྱི་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས།རྒྱལ་ཁབ་གསུམ་གྱི་འབྲེལ་ཡོད་སྡེ་ཚན་དང་ཁེ་ལས་ཀྱིས་ནུས་ཤུགས་གཅིག་སྒྲིལ་ཐོག་ནས་མཉམ་ལས་བྱས་ཏེ།ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་ལས་གྲྭའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་།ཁེར་གྷི་སི་ཐན།ཨུ་ཟ་བྷེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་དེ་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་མཉམ་ལས་ཀྱི་དཔེ་སྟོན་རྣམ་གྲངས་གསར་པ་ཞིག་ཏུ་ཧུར་ཐག་བསྐྲུན་ནས།ལམ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོའི་བདེ་སྐྱིད་ལེགས་སུ་གཏོང་རྒྱུར་རོགས་རམ་དེ་བས་ལེགས་པ་བྱས་ཏེ།ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་ཚོཊ་པ་དེ་བས་དམ་ཟབ་འཛུགས་རྒྱུར་སྒུལ་ཤུགས་གསར་པ་བསྣན་རྒྱུའི་རེ་བ་ཡོད་ཅེས་ནན་གསུངས་གནང་བ་རེད།

ཀྲ་ཕ་ལུའོ་ཕུའུ་ཡིས།ཀྲུང་གོ་དང་། ཁེར་གྷི་སི་ཐན།ཨུ་ཟ་བྷེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་ནི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བར་ཁྱམས་ཤིག་ཡིན་པར་མ་ཟད། ཤར་ཕྱོཊ་དང་ནུབ་ཕྱོགས་འབྲེལ་མཐུད་བྱེད་པའི་འཐབ་ཇུས་ཀྱི་བགྲོད་ལམ་ཞིག་ཀྱང་ཡིན། རྣམ་གྲངས་དེས་ཁེར་གྷི་སི་ཐན་གྱི་འགྲིམ་འགྲུལ་ལྟེ་གནས་ཀྱི་གནས་བབ་ཆེ་རུ་གཏོང་བ་དང་།ལས་ཞུགས་ལས་གནས་འབོར་ཆེན་གཏོད་པ། དཔལ་འབྱོར་ཚོང་དོན་དང་།ཡུལ་སྐོར། བཟོ་ལས་སོགས་ཀྱི་ཁྱབ་ཁོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད། རྒྱལ་ཁབ་གསུམ་གྱིས་སྤུས་ཚད་མཐོ་བའི་སྒོ་ནས་ལྕགས་ལམ་འཛུགས་སྐྲུན་ལེགས་གྲུབ་བྱས་ཏེ།ས་ཁུལ་དེ་གའི་ཐུན་མོང་འཕེལ་རྒྱས་ལ་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་གསར་པ་གཏོད་ཐུབ་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

སྨི་ཨེར་ཅི་ཡུའེ་ཡེ་ཕུའུ་ཡིས།ཀྲུང་གོ་དང་།ཁེར་གྷི་སི་ཐན།ཨུ་ཟ་བྷེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་རྣམ་གྲངས་དངོས་སུ་འགོ་ཚུགས་པ་ནི་རྒྱལ་ཁབ་གསུམ་གྱི་གཙོ་བདག་གི་ཐུན་མོང་ངོས་འཛིན་དོན་འཁྱོལ་དང་། གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ལྕགས་ལམ་དེས་ས་ཁུལ་གྱི་ཉོ་ཚོང་དང་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་དང་། མི་སྣ་འགྲོ་འོང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་འབྲེལ་བར་སྐུལ་འདེད་གཏོང་བ། ཤེས་རིག་ཕན་ཚུན་དཔྱད་གཞིར་འཛིན་པའི་ཟམ་པ་གལ་ཆེན་བསྐྲུན་ནས་ས་ཁུལ་རྒྱལ་ཁབ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུར་ཕན་ཐོགས་ཡོད་ཅེས་གསུངས་པ་རེད།

ཀྲུང་གོ་དང་།ཁེར་གྷི་སི་ཐན།ཨུ་ཟ་བྷེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་རྣམ་གྲངས་ཀྱི་འགོ་འཛུགས་མཛད་སྒོ་ནི་ཀྲུང་གོའི་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། ཁེར་གྷི་སི་ཐན་འགྲིམ་འགྲུལ་དང་འཕྲིན་གཏོང་པུའུ། ཨུ་ཟ་བྷེ་ཁི་སི་ཐན་འགྲིམ་འགྲུལ་པུའུ་བཅས་ཀྱིས་མཉམ་དུ་གཉེར་བ་ཞིག་རེད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-12-29 6 6 拉萨日报藏文 c193588.html 1 ཞི་ཅིན་ཕིང་གིས་ཀྲུང་གོ་དང་།ཁེར་གྷི་སི་ཐན།ཨུ་ཟ་བྷེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་རྣམ་གྲངས་ཀྱི་འགོ་ཚུགས་མཛད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ། /enpproperty-->