(པར་ངོས་དང་པོར་མཐུད)ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཅིག་བསྡུས་གཅིག་གྱུར་གྱི་འགོ་ཁྲིད་ནི་ལས་དོན་ཡོད་ཚད་ལེགས་པར་བསྒྲུབ་པའི་རྩ་བའི་འགན་ལེན་ཡིན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུ་གཟིངས་རླུང་བརྟེན་རླབས་གཤག་དང་བརྟན་ཐོག་རྒྱང་བགྲོད་ཐུབ་པར་བྱེད་པའི་འགན་ལེན་ཡིན། ཏང་ཡོངས་ཀྱིས་ངེས་པར་དུ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས་”ཐུབ་པ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་དང་ལས་ཀའི་བཀོད་སྒྲིག་ལག་བསྟར་བྱེད་དགོས། སང་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པ”མཇུག་སྒྲིལ་བའི་ལོ་ཞིག་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་གཉིས་པ་དང་གསུམ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་དུ་བསྟར་བ། བརྟན་ལྷིང་ཁྲོད་ཡར་རྒྱས་བརྩོན་ལེན་བྱེད་པའི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས། གོང་འཕེལ་གྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། གོང་འཕེལ་གྱི་རྣམ་པ་གསར་པ་གང་མགྱོགས་འཛུགས་པ། སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཁྱོན་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བ། ཆུ་ཚད་མཐོ་བའི་སྒོ་ནས་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱ་ཆེ་རུ་གཏོང་བ། དཔལ་འབྱོར་རྒྱུན་མཐུད་ངང་ཡར་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ། “ལོ་ལྔ་ཚན་བཅུ་བཞི་པའི”དམིགས་འབེན་དང་ལས་འགན་སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་འགྲུབ་བྱེད་པ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་པར་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པའི་ངོས་འཛིན་གནང་བ་རེད།
ཞི་ཅིན་ཕིང་གིས།ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོའི་ལྟ་བསྡུར་ཞིབ་བཤེར་གྱི་གཏམ་བཤད་ལ་རེ་རེ་བཞིན་ཟུར་དཔྱད་གནང་བ་དང་རེ་རེ་བཞིན་བླང་བྱ་བཏོན་གནང་བར་མ་ཟད། ཕྱོགས་བསྡོམས་ཀྱང་གནང་ཡོད། ཁོང་གིས། ད་ཐེངས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་པར་ཕན་འབྲས་ཧ་ཅང་བཟང་པོ་ཐོན་ནས། བསམ་ཚུལ་བརྗོད་རེས་དང་། གནད་དོན་ཞིབ་བཤེར། ཁ་ཕྱོགས་གཏན་འཁེལ་བཅས་ཀྱི་དམིགས་ཡུལ་གྲུབ་པས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཐུན་སྒྲིལ་ཟབ་ཏུ་གཏོང་བ་དང་། ལས་དོན་ལེགས་སུ་གཏོང་བ། འགན་འཁྲི་འཁུར་རྒྱུ་བཅས་ལ་ཕན་ཐོགས་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། ད་ཐེངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཐོག་ཏང་ཡོན་དང་ལས་བྱེད་པ་ཁག་ཅིག་གིས་ཏང་གི་སྒྲིག་སྲོལ་དང་ཏང་གི་སྒྲིག་ཁྲིམས་བློ་ལ་མི་ངེས་པ་དང་གོ་བ་མི་ལེན་པ། ཁོང་དུ་མི་ཆུད་པ་སོགས་ཀྱི་གནད་དོན་ཐག་གཅོད་གང་ལེགས་བྱས་ཏེ། རིམ་ཁག་ཏང་རྩ་འཛུགས་དང་འགོ་ཁྲིད་ཚན་པས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རང་རྟོགས་ངང་ལྷག་བསམ་དག་ཅིང་དྭངས་གཙང་འགན་འཁུར་བྱེད་པར་སྐུལ་འདེད་བཏང་བས། ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་སྒྲིག་ཁྲིམས་སྒྲིག་སྲོལ་གྱི་འདུ་ཤེས་དང་། སྤྱོད་གཙང་རང་གཅུན་གྱི་འདུ་ཤེས་ཏན་ཏིག་ཆེ་རུ་ཕྱིན་པ་དང་། འགན་འཁུར་བྱ་སྤྱོད་དང་། ལས་སྒྲུབ་ལས་གཏོད་ཀྱི་ནང་སྐྱེས་སྒུལ་ཤུགས་སྔར་བས་སྐུལ་སློང་བྱས་པ། ནན་པའི་གཞི་གདངས་དང་། ནན་པའི་བྱ་ཐབས། ནན་པའི་རྣམ་པ་བཅས་སྔར་བས་ཤུགས་ཆེར་ཕྱིན་པ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་པས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་བཅས་ལ་ཕན་འབྲས་སྔར་བས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་ནན་གསུངས་གནང་བ་རེད།
ཞི་ཅིན་ཕིང་གིས། ཏང་གཤིས་བློ་སྦྱོང་ཡག་པོ་དང་ཏང་གཤིས་སྲ་བརྟན་ཡིན་ཚེ། ཏང་གི་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་བའི་རང་རྟོགས་སྔར་ལས་ཆེ་རུ་འགྲོ་སྲིད། འགོ་ཁྲིད་ལས་བྱེད་པས་ཏང་གཤིས་སྦྱོང་བརྡར་དང་བསམ་བློའི་གོ་རྟོགས་མཐོར་འདེགས་གཏོང་རྒྱུ་དེ་མི་ཚེ་ཧྲིལ་པོའི་ཞིབ་འཇུག་བྱ་གཞིར་བརྩིས་ཐོག ནམ་འཚོའི་བར་དུ་སློབ་སྦྱོང་དང་ནམ་མཚོའི་བར་དུ་བློ་སྦྱོང་བྱེད་དགོས། ཆབ་སྲིད་བློ་སྦྱོང་དེ་ཏང་གཤིས་བློ་སྦྱོང་གི་ལས་འགན་ཨང་དང་པོར་བཞག་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྲོད་ལས་ཏང་གཤིས་ཀྱི་འཚོ་བཅུད་བསྡུ་ལེན་བྱེད་པ་དང་། ཏང་གི་སྒྲིག་ཡིག་དང་ཏང་གི་སྒྲིག་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ལ་སློབ་སྦྱོང་བྱེད་པ་དང་། བརྩི་སྲུང་ཞུ་བ། ལག་ལེན་བསྟར་བ་བཅས་ཏང་གཤིས་བློ་སྦྱོང་གི་ནང་དོན་གལ་ཆེན་དུ་བརྩི་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་མཁས་པའི་ཚད་གཞི་ལྟར་རང་ཉིད་ལ་བླང་བྱ་ནན་པོ་འདོན་རྒྱུ་མཐའ་འཁྱོངས་བྱས་ནས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པར་སྣེ་ཁྲིད་དང་། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་ལེན་བསྟར་རྒྱུར་སྣེ་ཁྲིད། རང་སྐྱོན་རང་བརྗོད་བྱེད་པར་སྣེ་ཁྲིད།ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བར་སྣེ་ཁྲིད། ཏང་གི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་སྣེ་ཁྲིད་བཅས་བྱས་ཏེ། ཕུགས་བསམ་དང་དད་སེམས་སྲ་ཞིང་བརྟན་པ་དང་། ཏང་ལ་བློ་དཀར་ཞིང་ལྷག་བསམ་དག་པ་དངོས་སུ་སྒྲུབ་ཐུབ་པར་བྱས་ཏེ། ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་རང་ཉིད་བློས་གཏོང་བྱས་ནས་ལེགས་སྐྱེས་འབུལ་བའི་བསམ་པ་ལྡན་དགོས་ཞེས་བསྟན་པ་རེད།
ཞི་ཅིན་ཕིང་གིས། ཏང་གི་སྒྲིག་ཁྲིམས་ལ་སློབ་གསོ་དང་གཅུན་སྡོམ་གྱི་ནུས་པ་ལྡན་ཡོད་ལ། འགན་སྲུང་དང་སྐུལ་ལྕག་གི་ནུས་པའང་ཡོད། ཏང་གི་སྒྲིག་ཁྲིམས་དང་ལས་སྒྲུབ་ལས་གཏོད་ནི་ནང་གནས་གཅིག་གྱུར་ཡིན། སྒྲིག་ཁྲིམས་ཀྱིས་རེག་ཐུག་བྱ་མི་རུང་བའི་མཐའ་ཐིག་དང་མཐའ་མཚམས་ཁ་གསལ་བཟོས་ཡོད་ལ། ཏང་ཡོན་དང་ལས་བྱེད་པས་ལས་དོན་མཐར་ཕྱིན་པ་དང་བློ་ཁོག་ཆེན་པོས་ལས་དོན་སྒྲུབ་པར་བྱ་སྤྱོད་ཀྱི་ཚད་གཞི་ཡང་འདོན་སྤྲོད་བྱས་ཡོད། སྒྲིག་སྲོལ་དང་སྒྲིག་ཁྲིམས་ལ་བརྩི་སྲུང་བྱས་ཚེ། ལས་སྒྲུབ་དང་ལས་གཏོད་བྱེད་པར་རང་དབང་དང་རྒྱ་ཆེ་བའི་བར་སྟོང་ལྡན་ཐུབ། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་རྣམས་ཀྱིས་དཔེ་ཚད་འཛུགས་པ་དང་དཔེ་སྟོན་བྱས་ཐོག སྒྲིག་སྲོལ་དང་སྒྲིག་ཁྲིམས་བརྩི་སྲུང་དང་ལས་སྒྲུབ་ལས་གཏོད་ཀྱི་དཔེ་བཟང་དུ་འགྱུར་བ་བྱེད་དགོས་པར་མ་ཟད། ཁ་ཕྱོགས་གསལ་པོ་བཙུགས་ནས་འགན་འཁུར་ཕོད་མཁན་ལ་རྒྱབ་སྐྱོར་དང་སྐུལ་ལྕག་བྱས་ནས། བློ་སྟོབས་ཆེན་པོས་ཡར་རྒྱས་ཡོང་བ་དང་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་ཕོད་པའི་གསོན་ཉམས་ལྡན་པའི་རྣམ་པ་ཆགས་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུངས་གནང་ཡོད།
ཞི་ཅིན་ཕིང་གིས། ཏང་གི་སྒྲིག་ཁྲིམས་ཀྱིས་དབང་ཆ་ཡང་དག་པའི་སྒོ་ནས་སྤྱོད་པ་དང་དབང་ཆར་བརྟེན་ནས་སྒེར་ཕན་གཉེར་རིགས་སྔོན་འགོག་བྱ་ཆེད་མཐའ་ཚད་གཏན་འཁེལ་དང་བཀག་སྡོམ་ཁུལ་བཙུགས་ཡོད། དེ་ནི་ཏང་ཡོན་དང་ལས་བྱེད་པས་སྤྱོད་གཙང་གཞུང་དྲང་རྒྱུན་འཁྱོངས་བྱེད་པའི་བདེ་འཇགས་འགོག་སྲུང་སྲུང་ར་ཡིན། སྒྲིག་ཁྲིམས་ལ་དད་བཀུར་དང་སྒྲིག་ཁྲིམས་ལ་བརྩི་སྲུང་བྱས་ན། རུལ་བསླད་དང་དུག་བསླད་སིམ་འཛུལ་བྱ་རིགས་བཀག་འགོག་བྱེད་ཐུབ། རུལ་སུངས་སུ་འགྱུར་བའི་གཤིན་ས་དང་ཆ་རྐྱེན་སྔར་བཞིན་གནས་ཚེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དེ་ནམ་ཡང་ལམ་དུ་ཡོད་དགོས། རུལ་སུངས་སུ་འགྱུར་བར་འཐབ་རྩོད་བྱེད་པར་རིག་པ་དྭངས་གསལ་དང་རྣམ་འགྱུར་འཛིན་སྟངས་བློ་བརྟན་འགྱུར་མེད་ཡིན་དགོས་པ་ལས། ལྷོད་གཡེང་གཏན་ནས་གཏོང་མི་རུང་ལ། སྙིང་རྗེ་གཏན་ནས་བྱེད་མི་རུང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ལས་འགན་ལྗིད་པོ་ཕྲག་ཏུ་འཁུར་དགོས་པས། ངེས་པར་དུ་རང་ཉིད་ལ་སྔར་ལས་ནན་པའི་བླང་བྱ་འདོན་དགོས་པ་དང་། ལག་པའི་ནང་གི་དབང་ཆར་གཟབ་ནན་བྱེད་དགོས། དོ་དམ་ཁྱབ་ཁོངས་སམ་ཡང་ན་སྲིད་འཛིན་བྱ་ཡུལ་གཙོ་བོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ། དྲང་བདེན་མིན་པའི་སྤྱོད་ཚུལ་དང་རུལ་སུངས་ཀྱི་སྣང་ཚུལ་སྣ་ཚོགས་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་པ་དང་། ཁྱིམ་མི་དང་ཉེ་འགྲམ་གྱི་ལས་དོན་པར་སློབ་གསོ་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་དགོས་ཞེས་བསྟན་པ་རེད།
ཞི་ཅིན་ཕིང་གིས། ཏང་གི་སྒྲིག་ཁྲིམས་ལག་བསྟར་ནན་པོ་དང་སྲུང་སྐྱོང་བྱ་རྒྱུ་ནི་ཏང་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། རིམ་ཁག་ཏང་ཨུད(ཏང་ཙུའུ)ཡིས་བྱེད་པོའི་འགན་འཁྲི་ཡག་པོ་འཁུར་དགོས་པ་དང་། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་འགན་འཁུར་བ་དང་པོའི་འགན་འཁྲི་ཡག་པོ་སྒྲུབ་དགོས། འགོ་ཁྲིད་ཚན་ཁག་གི་ཁོངས་མི་གཞན་དག་གིས“ལས་གནས་གཅིག་དང་འགན་འཁྲི་གཉིས”ཡག་པོ་བསྒྲུབ་དགོས་པ་དང་། རིམ་པ་གཅིག་གིས་རིམ་པ་གཅིག་ཁྲིད་དེ་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཕན་འབྲས་གསར་པ་ཐོན་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་གི་ཆབ་སྲིད་འགན་འཁྲི་ཏན་ཏིག་འཁུར་དགོས་པ་དང་། དོ་དམ་ཁྱབ་ཁོངས་སམ་ཡང་ན་སྲིད་འཛིན་བྱ་ཡུལ་གཙོ་བོའི་སྒྲིག་ཁྲིམས་འཛུགས་སྐྱོང་གནས་ཚུལ་དུས་ཐོག་ཏུ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱ་དགོས། འགན་འཁྲིའི་ཁྱབ་ཁོངས་ནང་གི་གནད་དོན་ལ་དོ་དམ་དང་བཅོས་སྐྱོང་བྱེད་ཕོད་པ་དང་། དོ་དམ་ནན་པོ་དང་བཅོས་སྐྱོང་ནན་པོ་བྱས་ཏེ། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་འགོ་ཁྲིད་མཁན་དང་། ལག་ལེན་བསྟར་མཁན། སྐུལ་འདེད་གཏོང་མཁན་བཅས་ཀྱི་གཞན་ལ་དཀྲི་ཐབས་མེད་པའི་འགན་འཁྲི་ཡག་པོ་འཁུར་དགོས་ཞེས་ནན་གསུངས་གནང་ཡོད།
མཇུག་ཏུ་ཞི་ཅིན་ཕིང་གིས། དུས་སང་གི་སྒྱུར་བཅོས་གོང་འཕེལ་དང་བརྟན་ལྷིང་གི་ལས་འགན་ཧ་ཅང་ལྗིད་པོ་ཡིན་པས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་གཞི་རིམ་དང་མང་ཚོགས་ཁྲོད་ཟབ་བསྐྱོད་དང་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ། མི་དམངས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་དང་། དཀའ་ངལ་ཆེ་བ། སེམས་ཁྲལ་ཆེ་བ། རེ་སྒུག་ཆེ་བ་བཅས་ཀྱི་གནད་དོན་གསལ་རྟོགས་ཐུབ་པ་དང་། གཞི་རིམ་གྱི་འཕྲལ་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་གང་ལེགས་གསལ་རྟོགས་ཐུབ་པར་བྱས་ཏེ། དམིགས་ས་ཡོད་པའི་ཐོག་ནས་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས་ཞེས་ནན་གསུངས་གནང་ཡོད།
(ཨོ་རྒྱན་ཚེ་རིང་དང་བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社