ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཚེས་26ཉིན་གྱི་ཕྱི་དྲོར། སིང་ཀ་ཕོར་ནས་ལྷ་སར་བཏང་བའི་གནམ་གྲུ་ཐོག་མ་དེར་བསྡད་པའི་ཡུལ་སྐོར་བ་ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་ནས། ཁོང་ཚོས་གངས་ལྗོངས་ཀྱི་གནའ་གྲོང་སྟེ། གནས་མཆོག་ལྷ་སར་ཡུལ་སྐོར་བྱེད་འགོ་བརྩམས་པ་རེད།
“སྐུ་ཉིད་ལྷ་སར་ཕེབས་པར་དགའ་བསུ་ཞུ། བཀྲ་ཤིས་བདེ་ལེགས”ཞེས་པའི་བསུ་བ་ཞུ་བའི་སྒྲའི་ཁྲོད། སིང་ཀ་ཕོར་ནས་ལྷ་ས་བར་འཕུར་བའི་དུས་གཏན་གནམ་གྲུ་ཐོག་མ་དེ་བདེ་བླག་ངང་ལྷ་སར་འབྱོར་ཞིང་། ཡུལ་སྐོར་བ་གནམ་ཐང་བབས་ཚུགས་ནས་ཐོན་སྐབས། ལྷ་ས་གྲོང་ཁྱེར་རིག་གནས་ཡུལ་སྐོར་ཅུས་ཀྱིས་སྒྲིག་འཛུགས་བྱས་པའི་བསུ་བ་ཞུ་མཁན་ཚོགས་པས་སྤྲོ་བ་ཆེན་པོས་ཐག་རིང་ནས་ཡོང་བའི་སྐུ་མགྲོན་ཚོར་དཀར་གཙང་གི་མཇལ་དར་ཕུལ་ཏེ། བསུ་བ་ཞུ་བའི་མཛད་སྒོ་གཟབ་རྒྱས་ངང་སྤེལ་བ་རེད། སིང་ཀ་ཕོར་ཧྭ་ཡུན་ཡུལ་སྐོར་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལི་ལེའང་དབྱིས། ང་ཚོས་ད་རེས་སིང་ཀ་ཕོར་གྱི་ཡུལ་སྐོར་བ་30ཙམ་སྒྲིག་འཛུཊ་བྱས་ཏེ། ནུབ་རྒྱུད་མཁའ་འགྲུལ་གྱི་གནམ་གྲུར་བསྡད་ནས་ལྷ་སར་ཡོང་བ་ཡིན། ཚང་མས་ཧ་ཅང་དགའ་པོ་བྱེད་ཀྱིན་འདུག ལྷ་ས་ནི་སྐྱེ་འགྲོ་ཀུན་གྱི་རེ་སྨོན་བྱེད་ས་ཡིན་པས།ཡུལ་སྐོར་བ་དེ་བས་མང་བ་ལྷ་སར་ཡུལ་སྐོར་དུ་ཡོང་རྒྱུའི་རེ་བའང་བྱེད་ཀྱི་ཡོད་ཅེས་བཤད།
ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ལས་དོན་གཏིང་ཟབ་སྤེལ་ནས་ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ཀྱི་རྣམ་པ་མགྱོགས་མྱུར་བཏོད་ཅིང་། རྒྱལ་སྤྱིའི་ཡུལ་སྐོར་གྱི་དམིགས་སའི་གྲོང་ཁྱེར་ནུས་ཤུཊ་ཡོད་རྒུས་བཏོད་པ་རེད། 2024ལོའི་ཟླ་དང་པོ་ནས་ཟླ་བཅུ་གཅིག་པའི་བར་ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་4225.55ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་བརྒྱ་ཆ་13.7འཕར་བ་དང་། ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་521.64ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་13.88འཕར་ཡོད།
ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གིས་གསར་དུ་བཙུགས་པའི་ལྷ་ས་ནས་ཁྲུང་ཆིང་། དེ་ནས་སིང་ཀ་ཕོར་བར་འཕུར་བའི་མཁའ་ལམ་དེ་ནུབ་རྒྱུད་མཁའ་འགྲུལ་གྱི་གནམ་གྲུ་A319རྟགས་ཅན་གྱིས་འཕུར་འགན་འཁུར་གྱི་ཡོད་ཅིང་། གཟའ་འཁོར་རེར་དུས་གཏན་གནམ་གྲུ་ཐེངས་གསུམ་གཏོང་གི་ཡོད། ལྷ་སའི་གོང་དཀར་རྒྱལ་སྤྱིའི་གནམ་ཐང་ནས་གཏོང་བའི་དུས་གཏན་གནམ་གྲུའི་ཨང་གྲངས་ནི་PN6425ཡིན་པ་དང་། གཟའ་འཁོར་རེའི་གཟའ་ཟླ་བ་དང་། ལྷག་པ། པ་སངས་བཅས་ལ་འཕུར་རྒྱུ་རེད། སིང་ཀ་ཕོར་གྱི་ཀྲང་དབྱི་གནམ་ཐང་ནས་གཏོང་བའི་དུས་གཏན་གནམ་གྲུའི་ཨང་གྲངས་ནི་PN6426ཡིན་པ་དང་། གཟའ་འཁོར་རེའི་གཟའ་མིག་དམར་དང་། ཕུར་བུ། སྤེན་པ་བཅས་ལ་འཕུར་རྒྱུ་རེད། ཐེངས་འདིར་གསར་དུ་བཙུགས་པའི་རྒྱལ་སྤྱིའི་མཁའ་ལམ་དེས་ལྷ་སའི་འགྲིམ་འགྲུལ་ཤར་གཏོང་ཐུབ་ཚད་དང་ལྷ་ས་འདི་ཉིད་རྒྱལ་སྤྱིའི་ཐོག་སྐད་གྲགས་ཆོད་ཚད་སྔར་བས་ཆེ་རུ་འགྲོ་རྒྱུ་མ་ཟད། ལྷ་ས་དང་རྒྱལ་སྤྱིའི་སྤྱི་ཚོགས་དབར་རིག་གནས་སྤེལ་རེས་བྱ་རྒྱུར་ཡང་གོ་སྐབས་དེ་བས་མང་བ་མཁོ་འདོན་ཐུབ་རྒྱུ་རེད། (ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社