ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་27ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཟླ་12པའི་ཚེས་26ཉིན་ནས་ཚེས་27ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོགས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། ཏང་གི་སྒྲིག་ཁྲིམས་སློབ་གསོའི་གཅུན་སྡོམ་ནུས་པ་དང་འགན་སྲུང་སྐུལ་འདེད་ནུས་པ་ཕྱོགས་བསྡུས་འདོན་སྤེལ་བྱེད་པ་བཅས་ལ་གཞིགས་ཤིང་། སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་སློབ་སྦྱོང་ལག་བསྟར་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་བྱས་ཚུལ་ཞིབ་བཤེར་གྱི་ནང་དོན་གལ་ཆེན་དུ་བརྩིས་ཏེ། བསམ་བློ་དང་ལས་ཀའི་དོན་དངོས་ལ་ཟུང་འབྲེལ་གྱིས་རང་ངོས་ཞིབ་དཔྱད་དང་ཏང་གཤིས་ལ་དབྱེ་ཞིབ་བྱས་པར་མ་ཟད། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱང་བྱས་པ་རེད།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད། གསུང་བཤད་གལ་ཆེན་ཡང་གནང་བ་རེད།
ཚོགས་འདུ་མ་འཚོགས་གོང་། འབྲེལ་ཡོད་ཕྱོགས་ཀྱིས་གྲ་སྒྲིག་ཡག་པོ་བྱས་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་གྱིས་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་སེམས་གཏམ་གླེང་བ་དང་། བསམ་འཆར་དང་གྲོས་འགོར་གསན་པ། གཏམ་བཤད་ཀྱི་གནད་བསྡུས་བྲིས་ཡོད། ཚོགས་འདུའི་ཐོག སྔོན་ལ་སྤྱི་ལོ་2024ལོའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་ལེན་མཐར་ཕྱིན་བསྟར་ཚུལ་སྐོར་གྱི་སྙན་ཞུ་དང་། སྤྱི་ལོ་2024ལོར་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་ཞུར་གསན་པ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་རྣམས་ཀྱིས་རེ་རེ་བཞིན་གཏམ་བཤད་གནང་བ་དང་། ཚོགས་འདུའི་བརྗོད་དོན་གཙོ་བོར་དམིགས་ནས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་།《ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་འགའ་ཞིག》 《ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་ཞིབ་སྲོལ》བཅས་དང་བསྡུར་བ་བཏང་སྟེ། ཞིབ་བཤེར་ནན་ཏན་དང་དབྱེ་ཞིབ་གཏིང་ཟབ་བྱས་པར། དྲང་པོ་དྲང་གཞག་དང་ལྷག་བསམ་ཟོལ་མེད། རྣམ་པ་གཟབ་ནན། གསོན་ཉམས་ལྡན་པ་བཅས་ཀྱི་ཁྱད་ཆོས་མངོན་པས། སྔོན་དཔག་གི་ཕན་འབྲས་ཐོན་ཡོད།
ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོའི་གཏམ་བཤད་ཀྱིས་གཙོ་གནད་ཕྱོགས་ལྔ་ལ་དམིགས་ཡོད་པ་སྟེ། གཅིག་ནི་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྔར་བས་སྲ་བརྟན་དུ་གཏོང་བ་དང་། གཉིས་ནི་མི་དམངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་རིན་ཐང་དོན་དུ་གཉེར་བ་དེ་སྔར་བས་སྲ་བརྟན་དུ་གཏོང་བ། གསུམ་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་སྔར་བས་མཐར་ཕྱིན་པར་བྱེད་པ། བཞི་ནི་སྣེ་ཁྲིད་ནས་སྒྲིག་ཁྲིམས་སློབ་སྦྱོང་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་གསལ་རྟོགས། སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་བ་བཅས་སྔར་བས་སྲ་བརྟན་དུ་གཏོང་བ། ལྔ་ནི་ཏང་ལ་དོ་དམ་ནན་པོ་དང་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་སྔར་བས་སྲ་བརྟན་དུ་གཏོང་བ་བཅས་རེད།
ཚོགས་འདུའི་ཐོག ལོ་འདི་ཤར་ཚུན། རྒྱལ་ཁབ་ཕྱི་ནང་གི་དུས་བབ་ལས་བྱུང་བའི་འགྲན་སློང་གི་མདུན་དུ་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། བབ་བསྟུན་དང་ཕྱོགས་བསྡུས་ཀྱིས་ཐབས་ཇུས་ལག་ལེན་བསྟར་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་དང་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་གྲུབ་བྱས་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོམ་སྟབས་གསར་པ་བརྟན་པོའི་ངང་སྤོས་པ། དམངས་འཚོར་འགན་སྲུང་ཏན་ཏིག་ཐུབ་པ། སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་ཕན་འབྲས་གསར་པ་ཐོབ་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་རྣམ་པ་གསར་པ་བཏོད་པ། ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ཡོད། གྲུབ་འབྲས་འདི་དག་ནི་ལས་སླ་པོར་ཐོབ་པ་ཞིག་མིན་ཞེས་ནན་གྱིས་བསྟན་ཡོད།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社