ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ལྷ་སའི་དགུན་དུས་ཀྱི་ཁྲོམ་རའི་ཐོག་ཚགས་ཤ་མཁོ་སྤྲོད་ཐུབ་པའི་འགན་ལེན་བྱས་ནས་རྒྱ་ཆེའི་གྲོང་མི་མང་ཚོགས་ཀྱིས་རིན་གོང་འཚམ་ལ་སྤུས་ཀ་ལེགས་པའི་ཚགས་ཤ་སོས་པ་ཉོ་ཐུབ་པར་བྱ་ཆེད། ཟླ་12ཚེས་21ཉིན། 2024ལོའི་ལྷ་ས་གྲོང་ཁྱེར་གྱི་ཡུལ་འདི་གའི་དམངས་ཕན་ཚགས་ཤ་ཁྲོམ་རར་ཕྱིར་ཚོང་གི་བྱེད་སྒོ་རྔ་ཆེན་ཕྱོགས་བསྡུས་སྡེབ་ཚོང་ཚོང་གྲོང་དུ་དངོས་སུ་སྤེལ་འགོ་ཚུགས་པ་རེད།
སྔ་དྲོའི་ཆུ་ཚོད་10དང་སྐར་མ་30ཡི་ཐོག་གྲོང་མི་མང་ཚོགས་མི་ཉུང་བ་ཞིག་རྔ་ཆེན་ཕྱོགས་བསྡུས་སྡེབ་ཚོང་གྲོང་དུ་ཡོང་ནས་ཚགས་ཤ་སོས་པ་ཉོ་བཞིན་ཡོད་པ་རེད། འདི་ལོ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་ས་གཙང་ཀུང་སི་དང་། ལྷུན་གྲུབ་རྫོང་། འདམ་གཞུང་རྫོང་། མལ་གྲོ་གུང་དཀར་རྫོང་། སྙེ་མོ་རྫོང་ས་གཙང་ཀུང་སི་བཅས་དང་དེ་བཞིན་རྫོང(ཆུས)ཁག་གི་ཞིང་ཕྱུགས་ཐོན་ཟོག་མཉམ་ལས་ཁང་13བྲིན་ཚོང་བྱེད་སྒོའི་ནང་ཞུགས་རྒྱུར་གདན་དྲངས་ནས་བྲིན་ཚོང་རིན་གོང་རྒྱ་མ་རེར་གཅིག་གྱུར་ཐོག་སྒོར་36ཡིན་པ་དང་སྔོན་རྩིས་ལྟར་ན་རྒྱ་མ་ཁྲི་36ཁྲོམ་རའི་ཐོག་འདོན་རྒྱུ་ཡིན་པ་རེད།
གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་བསོད་ནམས་ཚེ་རིང་གིས་བྱེད་སྒོ་དེ་ང་ཚོས་བསྟུད་མར་ལོ་7སྤེལ་ཡོད། ལོ་7རིང་གི་ལས་ཀའི་གྲུབ་འབྲས་ལ་ཕྱིར་མིག་བལྟས་ཚེ་བྱེད་སྒོ་དེས་ལྷ་སའི་གྲོང་མི་ཚོར་དངོས་ཕན་ལོངས་སུ་སྤྱོད་ཐུབ་པ་དང་ང་ཚོའི་ཞིང་ཕྱུགས་ཐོན་རྫས་དེ་བས་མང་བའི་ཁྲོམ་རར་བཏོན་ཐུབ་པ་དང་ཆབས་ཅིག་མི་སེར་ལ་ཡོང་འབབ་དེ་བས་མང་བ་གཏོད་ཐུབ་ཡོད། ད་ལོ་ཡང་ཕན་འབྲས་ཧ་ཅང་ཡག་པོ་ཞིག་ཐོན་ཐུབ་པར་ང་ཚོར་ཡིད་ཆེས་བརྟན་པོ་ཡོད་ཅེས་བཤད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན།འབྲི་གཡག་བཤས་གཏོང་དང་ཕྱིར་ཚོང་གི་ལས་དོན་སྤེལ་མགྱོགས་སུ་བཏང་ནས་ཞིང་འབྲོག་དུད་ཚང་ལ་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད།རྫོང(ཆུས)ཁག་གིས་བཤས་གཏོང་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཏེ། གཅིག་གྱུར་ཉོ་སྒྲུབ་དང་། གཅིག་གྱུར་རྒྱགས་གསོ། གཅིག་གྱུར་བཤས་གཏོང་། གཅིག་གྱུར་ཕྱིར་ཚོང་བཅས་ཀྱི་བྱ་ཐབས་སྤྱད་པས་འབྲོག་དུད་ཀྱིས་བཤས་གཏོང་ཁ་གསབ་ལོངས་སྤྱོད་ཐུབ་པ་དང་མཉམ་ལས་ཁང་གིས་ཉོ་སྒྲུབ་ཁ་གསབ་ལོངས་སྤྱོད་ཐུབ་ནས་འབྲོག་དུད་ལ་འབབ་འཕར་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བའི་ཡོང་འབབ་གཉིས་ཁེའི་དམིགས་ཚད་མངོན་འགྱུར་བྱུང་བ་རེད།
བསོད་ནམས་ཚེ་རིང་གིས་ཚང་མའི་དེ་སྔའི་བག་ཆགས་ནང་ལྷ་སའི་ཞིང་ཕྱུགས་གསོ་ཚགས་ཀྱི་དུས་འཁོར་ཧ་ཅང་རིང་པོ་ཡོད་མོད། འོན་ཀྱང་ལོ་འདི་དག་ནང་ང་ཚོས་ཚན་རྩལ་ལ་བརྟེན་ནས་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པས།ད་ཆ་འབྲི་གཡག་ལོ་4ཟིན་པ་དང་ལོ་5ཟིན་པ་བཤས་གཏོང་ཐུབ་པ་བྱུང་ཡོད། རྫོང(ཆུས)ཁ་ཤས་ཀྱིས་མི་སེར་གྱི་ལག་ནས་ཚགས་ཤ་སྤུས་ལེགས་ཉོ་སྒྲུབ་བྱས་ཏེ། ཁྲོམ་རར་བཏོན་ནས་མི་སེར་རྣམས་ཕྱིར་ཚོང་བྱེད་པར་བསྐྱོད་མི་དགོས་པར་ཡོང་འབབ་རག་གི་ཡོད་པ་དེའང་བྱེད་ཐབས་ཧ་ཅང་ཡག་པོ་ཞིག་རེད་ཅེས་བཤད་པ་རེད།
འདམ་གཞུང་རྫོང་ས་གཙང་ཀུང་སིའི་ཞིང་འབྲོག་པུའི་གཙོ་གཉེར་བ་བསམ་བསྟན་མཐར་ཕྱིན་གྱིས་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས་བཤས་གཏོང་བའི་ཁ་གསབ་སྲིད་ཇུས་བཏོན་པ་དང་དུས་མཚུངས་ང་ཚོར་ཉོ་སྒྲུབ་ཀྱི་ཁ་གསབ་ཀྱང་སྤྲད་ཡོད་པས་མི་སེར་ཚོས་གསོ་ཚགས་བྱས་པའི་འབྲི་གཡག་ང་ཚོར་འཚོང་འདོད་ཆེན་པོ་བྱེད་ཀྱི་ཡོད། འདི་ལོ་ང་ཚོས་ཚགས་ཤ་རྒྱ་མ་ཁྲི་10ལྷག་ཙམ་གྲབས་གསོག་བྱས་ནས་དམངས་ཕན་ཕྱིར་ཚོང་བྱེད་སྒོ་སྤེལ་བ་ཚང་མ་འདམ་གཞུང་རྫོང་གི་ཡུལ་འདི་གའི་ཚགས་ཤ་ཡིན་པ་རེད། འདི་ལོའི་ཟླ་9ཚེས་22ཉིན་ནས་བཟུང་ཉོ་སྒྲུབ་བྱས་ནས་ཟླ་12བར་འདམ་གཞུང་རྫོང་གི་མང་ཚོགས་དུད་ཚང་300ལྷག་ཙམ་ལ་བཤས་གཏོང་བའི་ཁ་གསབ་རག་ཡོད་པ་རེད་ཅེས་བཤད།
བྱེད་སྒོ་སྤེལ་ཡུལ་དུ་དམངས་ཕན་ཚགས་ཤ་ཕུད་ད་དུང་དམངས་ཕན་ལུག་ཤ་དང་། བོད་ཕག་གི་ཤ སྦྲང་རྩི། ཞོ་སོགས་ཐོན་རྫས་ཡོད་པ་རེད། མལ་གྲོ་གུང་དཀར་རྫོང་གི་བོད་ཕག་ལ་གྲོང་མི་མི་ཉུང་བ་ཞིག་གི་ཡིད་དབང་འཕྲོག་ཡོད་པ་རེད།
མལ་གྲོ་གུང་དཀར་རྫོང་ཧུའེ་ཧྥུང་ཞིང་པའི་བོད་ཕག་གི་འགན་འཁུར་བ་དབྱང་ཡུང་ཧྲེང་གིས་གསར་འགོད་པར། ང་ཚོས་2014ལོ་ནས་བཟུང་བོད་ཕག་གསོ་ཚགས་བྱེད་འགོ་ཚུགས་པ་དང་ཐོག་མར་བྲིན་ཁ་རྒྱུག་པོ་དེ་ཙམ་མེད། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社