分享按钮

(པར་ངོས་དང་པོར་མཐུད)ཡག་པོ་བསྒྲུབ་རྒྱུར་གཞི་འཛིན་ས་གལ་ཆེན་མཁོ་འདོན་གནང་ཡོད།

ལོ་གཅིག་གི་རིང་ལ།ང་ཚོའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ནི་སྤྱིར་བཏང་གཏན་ནས་མིན་པ་དང་།ཕྱི་ཕྱོགས་ཀྱི་གནོན་ཤུགས་ཆེ་རུ་ཕྱིན་པ་དང་ནང་ཁུལ་གྱི་དཀའ་ངལ་མང་དུ་ཕྱིན་པའི་རྙོག་འཛིང་ཆེ་ཞིང་ཛ་དྲག་པའི་གནས་བབ་ཀྱི་མདུན་དུ།རང་རྒྱལ་གྱི་དཔལ་འབྱོར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་ཡིན་པ་དང་།བརྟན་ཐོག་ཡར་འཕེལ་བྱུང་སྟེ་སྔོན་ལ་མཐོ་བ་དང་།བར་དུ་དམའ་བ།རྗེས་སུ་དར་རྒྱས་བཅས་ཀྱི་རྣམ་པ་ཐོན་པ་ནི་ལས་སླ་པོ་ཞིག་མིན་པར་མི་རྣམས་ལ་སྐུལ་ལྕག་ཐེབས་སུ་འཇུག་པ་ཞིག་རེད།

འདུས་གྲུབ་གློག་ལམ་དང་།མི་ཐབས་རིག་ནུས། ཚད་རྡུལ་ཚན་རྩལ་སོགས་ཚན་རྩལ་གསར་གཏོད་ལ་འཕེལ་རྒྱས་གལ་ཆེན་བྱུང་བ་ནས་སྲོལ་རྒྱུན་ཐོན་ལས་རིག་ནུས་ཅན་གྱི་སྒྱུར་བཀོད་དང་གྲངས་གཞི་ཅན་གྱི་ཕྱོགས་སྒྱུར་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བའི་བར་དང་།དེ་ནས་ནུས་རྒྱུ་གསར་པའི་རླངས་འཁོར་ལོར་ཐོན་འབོར་ཁྲི་1000ལས་ཐོག་མར་བརྒལ་བ་དང་།འབྲུ་རིགས་ཐོན་འབོར་རྒྱ་མ་དུང་ཕྱུར་ཁྲི་1.4ལས་ཐོག་མར་བརྒལ་བའི་བར་སོགས།ཐོན་སྐྱེད་ནུས་ཤུགས་གསར་པས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱས་ནས་ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་འགྲུབ་ཡོང་རྒྱུ་རེད།གོ་ལ་ཧྲིལ་པོར་རྒྱང་ལྟ་བྱས་ཚེ་རང་རྒྱལ་ནི་སྔར་བཞིན་འཛམ་གླིང་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་པ་དང་།འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་སྒུལ་ཤུགས་དང་གཏན་འཁེལ་རང་བཞིན་དེ་བས་མང་བ་སྣོན་གྱི་ཡོད།

ལྷག་པར་དུ་དུས་ཚིགས་གཉིས་པ་དང་གསུམ་པའི་རིང་མར་ཆག་པའི་གནོན་ཤུགས་ཆེ་རུ་ཕྱིན་པ་དང་།དཔལ་འབྱོར་གྱི་དམིགས་ཚད་གཙོ་བོའི་འཕར་ཚད་མར་ཆག་པར་དམིགས་ཏེ།ཟླ་9ཚེས་26ཉིན་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གྲོས་ཚོགས་ཐོག་འཕར་ཚད་སྐོར་གྱི་སྲིད་ཇུས་རབ་དང་རིམ་པ་ཞིག་འཕྲལ་ཐག་ཆོད་པོས་བཀོད་སྒྲིག་བྱས་པས་སྤྱི་ཚོགས་ཀྱི་ཡིད་ཆེས་ནུས་ལྡན་ངང་ཆེ་རུ་ཕྱིན་པ་དང་།དཔལ་འབྱོར་མངོན་གསལ་དོད་པོས་བསྐྱར་འཕར་བྱུང་སྟེ།ལོ་ཧྲིལ་པོའི་དམིགས་ཚད་མངོན་འགྱུར་ཡོང་བར་སྐུལ་འདེད་ཐེབས་པར་མ་ཟད།སང་ལོའི་དཔལ་འབྱོར་འཕེལ་རྒྱས་ལ་རྨང་གཞི་ཡག་པོ་ཞིག་ཀྱང་བཏིང་བ་རེད།དེའི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཞིབ་འཇུག་དང་བརྡར་གཅོད་གནད་ལ་འཁེལ་བ་དང་།ཐབས་ཇུས་འཕྲལ་ཐག་ཆོད་པ།བཀོད་སྒྲིག་ནུས་ལྡན།བྱ་ཐབས་ནུས་ལྡན་བཅས་ཡིན་པ་ར་སྤྲོད་གང་ལེགས་བྱུང་བ་དང་།རང་རེའི་ཏང་གིས་དུས་བབ་ཀྱི་འགྱུར་ལྡོག་དང་བསྟུན་ནས་དུས་ཐོག་ཏུ་ཚན་རིག་དང་མཐུན་ལ་གནད་ལ་འཁེལ་བའི་སྒོ་ནས་ཐབས་ཇུས་ལག་བསྟར་བྱ་རྒྱུར་སྔར་བས་སྣང་ཆེན་བྱེད་པ་དང་།སྲིད་ཇུས་མཐུན་སྦྱོར་མཉམ་སྒུལ་དང་སྲིད་ཇུས་ཀྱི་མཉམ་སྡེབ་ཐབས་མཆོག་ཅིག་ཆགས་རྒྱུར་སྔར་བས་སྣང་ཆེན་བྱེད་པ།གཅིག་སྡུད་ནུས་ཤུགས་འདོན་པ་བཅས་ལ་སྔར་བས་སྣང་ཆེན་བྱེད་པ་བཅས་མཚོན་ཡོད། ལོ་རྒྱུས་ཀྱི་འཕེལ་རིམ་ནས་བལྟས་ན།ཐེངས་འདིའི་གྲོས་ཚོགས་ལ་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད།

སྤྲིན་ནག་འཁྲིགས་པ་དལ་པོར་རྒྱུག ལོ་གཅིག་རིང་གི་འཕེལ་རྒྱས་གྲུབ་འབྲས་ཐོག་ནས་ཏང་ཀྲུང་དབྱང་གི་འཐབ་ཇུས་ཀྱི་བརྟན་ཤུགས་གང་ལེགས་མཚོན་པ་དང་།རྙོག་འཛིང་ཆེ་ལ་འགྱུར་ལྡོག་མང་བའི་རྣམ་པའི་འོག་དཔལ་འབྱོར་ལས་དོན་ལ་ཁ་ལོ་སྒྱུར་བའི་ཏང་ཀྲུང་དབྱང་གི་བློ་གྲོས་དང་ནུས་པ་གང་ལེགས་མཚོན་ཡོད།ད་ཐེངས་ཀྱི་ཚོགས་འདུའི་ཐོག་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནི་དཔལ་འབྱོར་ལས་དོན་ཡག་པོ་སྒྲུབ་པའི་རྩ་བའི་འགན་ལེན་ཞིག་རེད།འགག་རྩའི་དུས་སྐབས་དང་གལ་ཆེའི་ལྷུ་ཚིགས་སུ་ཏང་ཀྲུང་དབྱང་གིས་དུས་བབ་ལ་དུས་ཐོག་ཏུ་ཞིབ་འཇུག་བརྡར་གཅོད་དང་ཐབས་ཇུས་བཀོད་སྒྲིག་བྱས་ནས་རང་རྒྱལ་གྱི་དཔལ་འབྱོར་གྲུ་གཟིངས་ཀྱིས་རླུང་བརྟེན་རླབས་གཤགས་དང་བརྟན་པོའི་ངང་ཡུན་རིང་བསྐྱོད་རྒྱུའི་འགན་ལེན་བྱེད་དགོས་ཞེས་བསྟན་ཡོད་པ་དེ་ནི་དུས་རབས་གསར་པ་ཚུན་གྱི་ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་ལག་ལེན་ལ་སྙིང་བསྡུས་གནད་སྨིན་བྱས་པ་ཞིག་དང་།རྒྱལ་ཡོངས་གོང་འོག་གི་ཚད་མཐོའི་ཐུན་མོང་གི་ངོས་འཛིན་ཞིག་ཡིན་པ་རེད།

ད་ཐེངས་ཀྱི་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་ཐོག་སྲིད་ཇུས་ཀྱི་ཕན་པ་མང་པོ་ཐོན་པ་དང་།སྤྱི་ཚོགས་ཀྱི་སྔོན་དཔག་བརྟན་དུ་ནུས་ལྡན་ཕྱིན་པ།ཁྲོམ་རའི་ཡིད་ཆེས་བརྟན་དུ་ཕྱིན་ཡོད།སྔར་ལས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ཐོག་མར་བཏོན་པ་ནས་གལ་ཆེན་གཉིས་ཀྱི་རྣམ་གྲངས་དང་གསར་པ་གཉིས་ཀྱི་སྲིད་ཇུས་ལག་བསྟར་བྱེད་པར་མུ་མཐུད་ནས་རྒྱབ་སྐྱོར་བྱས་པ་དང་།དམངས་འཚོར་ཕན་པ་དང་།འཛད་སྤྱོད་ལ་སྐུལ་འདེད།གཏིང་ཤུགས་ཆེ་རུ་གཏོང་བ་བཅས་ལ་སྔར་བས་དོ་སྣང་ཆེན་པོ་བྱས་པ་ནས་ལོ་ངོ་བཅུ་བཞིའི་རིང་ཐེངས་དང་པོར་ལྷུག་པོ་འོས་འཚམ་གཏོང་བའི་དངུལ་ལོར་སྲིད་ཇུས་ལ་བསྒྱུར་ཏེ་དངོས་གཞིའི་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་སྤྱི་ཡོངས་ཀྱི་ཕན་ནུས་ཆེ་རུ་བཏང་ཡོད།འཛད་སྤྱོད་རྒྱ་སྟོབས་ཆེ་རུ་གཏོང་བ་དང་།ཡོང་འབབ་དམའ་འབྲིང་གི་ཚོགས་སྤྱིའི་འབབ་འཕར་དང་ཁུར་པོ་ཡང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ།ནུས་ཤུགས་སྔར་བས་ཆེན་པོས་སྤྱི་ཚོགས་ཀྱི་མ་རྩ་ལས་གཏོད་མ་འཇོག་ནང་ཞུགས་རྒྱུར་འགུག་ཐབས་བྱེད་པ་བཅས་ནས་དུས་ཡུན་རིང་འབྲིང་གི་མ་དངུལ་ཁྲོམ་རར་ཞུགས་པའི་འགག་གནད་ཤར་གཏོང་ཐུབ་པར་བྱེད་པ་དང་། འགྱུར་མེད་རང་བཞིན་དང་ལེགས་སུ་གཏོང་བའི་རང་བཞིན་གྱི་སྡོད་ཁང་གི་དགོས་མཁོའི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱེད་པ།གཙོ་གནད་ཁྱབ་ཁོངས་དང་།གཙོ་གནད་ལས་རིགས།གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ།ཁེ་ལས་འབྲིང་ཆུང་དང་ཆེས་ཆུང་གྲས་བཅས་ཀྱི་ལས་ཞུགས་རྒྱབ་སྐྱོར་འཆར་གཞི་ལག་བསྟར་བྱེད་པ་སོགས་སྲིད་ཇུས་ཀྱི་ཁ་ཕྱོགས་སམ་ཡང་ན་གཙོ་གནད་ལས་འགན་གང་ཞིག་ཡིན་རུང་།ཕྱི་ལོའི་དཔལ་འབྱོར་ལས་དོན་གྱི་རིན་ཐང་དང་བཞེད་དོན་ཚང་མ་ཧ་ཅང་ཁ་གསལ་ཡིན་པ་སྟེ།དཔལ་འབྱོར་རྒྱུན་མཐུད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ནས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་དེ་རེད།

སྲིད་ཇུས་ཀྱི་ལེན་ཕྱོགས་ནས་བལྟས་ན།ལྷུག་ཏུ་འོས་འཚམ་གཏོང་བའི་དངུལ་ལོར་སྲིད་ཇུས་ལག་ལེན་བསྟར་བར་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད།དངུལ་ལོར་སྲིད་ཇུས་ཀྱི་ནང་དོན་གཙོ་བོ་དེ་བརྟན་པོ་ནས་ལྷུག་ཏུ་འོས་འཚམ་གཏོང་བར་ལེགས་སྒྲིག་བྱས་པ་དེ་ནི་ལོ་ངོ་བཅུ་བཞིའི་རིང་གི་ཐེངས་དང་པོ་ཡིན་པ་དང་།དགེ་མཚན་ལྡན་ལ་ཁ་གསལ་བའི་བརྡ་རྟགས་ཤིག་སྔར་ལས་ལྷག་པར་བརྒྱུད་སྤྲོད་བྱས་པ་རེད། དུས་ཐོག་ཏུ་སྐྱེད་ཚད་གཅོག་པ་ནི་འཁོར་རྒྱུག་རང་བཞིན་འདང་ངེས་ཡོང་བ་རྒྱུན་འཁྱོངས་བྱས་ཏེ།སྤྱི་ཚོགས་ཀྱི་ཕྱོགས་བསྡུས་མ་དངུལ་བསྡུ་རུབ་ཀྱི་མ་གནས་མར་ཆག་པ་དང་།ཁེ་ལས་ཀྱི་མ་དངུལ་བསྡུ་རུབ་བྱེད་དཀའ་བ་དང་མ་དངུལ་བསྡུ་རུབ་ཀྱི་རིན་གོང་མཐོ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ།ཡིད་རྟོན་དངུལ་བུན་འཕར་སྣོན་མགྱོགས་སུ་གཏོང་བ།རྒྱལ་ནང་གི་དགོས་མཁོ་རྒྱ་སྐྱེད་གཏོང་བར་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་ཆེད་དུ་ཡིན།དངུལ་རྩའི་བྱ་ཐབས་གསར་གཏོད་བྱས་ཚེ་ཀྲུང་དབྱང་དངུལ་ཁང་གི་སྤྱི་ཁོག་གཟབ་ནན་དང་དངུལ་རྩ་བརྟན་པོ་ཡོང་བའི་ནུས་པ་ཆེ་རུ་ཕྱིན་ནས་དངུལ་རྩའི་ཁྲོམ་ར་བརྟན་པོ་ཡོང་རྒྱུར་སྲུང་སྐྱོང་དེ་བས་ལེགས་པ་ཐུབ་རྒྱུ་རེད།དངུལ་རྩའི་སྒྲིག་གཞིས་ལས་དོན་ཆེན་པོ་ལྔ་ལེགས་པར་བསྒྲུབ་པར་སྣེ་ཁྲིད་དང་རྒྱབ་སྐྱོར་བྱེད་པ་དང་།ལྷག་པར་དུ་ཚན་རྩལ་གསར་གཏོད་དང་།འབྱུང་འཕྲོད་འཕེལ་རྒྱས།འཛད་སྤྱོད་དངུལ་རྩ་སོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་བཏང་སྟེ།སྔར་བས་དམིགས་གཏད་རང་བཞིན་དང་གནད་འཁེལ་རང་བཞིན་མཚོན་ཐུབ།

ལས་འགན་གཙོ་བོའི་ཐོག་ནས་བལྟས་ན།འཛད་སྤྱོད་དར་སྤེལ་ཤུགས་ཆེན་གཏོང་དགོས་ཞེས་པ་དེས་འཛད་སྤྱོད་སྒུལ་ཤུགས་གཙོ་བོའི་ནུས་པ་འདོན་སྤེལ་བྱ་རྒྱུར་མཐོང་ཆེན་བྱེད་ཀྱི་ཡོད་པ་མཚོན་ཡོད།རང་རྒྱལ་གྱི་འཛད་སྤྱོད་བར་སྟོང་རྒྱ་ཆེ་ཞིང་།མི་མངོན་པའི་སྟོབས་ཤུགས་ཀྱང་ཧ་ཅང་ཆེན་པོ་ཡོད།འཛད་སྤྱོད་ཡར་སྐུལ་བྱེད་པའི་ཆེད་དོན་བྱ་སྤྱོད་ལག་བསྟར་བྱས་པ་བརྒྱུད།གསར་པ་གཉིས་ཀྱི་སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས་སྣ་མང་ཅན་གྱི་འཛད་སྤྱོད་རྣམ་པ་གསར་གཏོད་བྱེད་པ་དང་རིག་གནས་དང་ཡུལ་སྐོར་སོགས་ཞབས་ཞུའི་འཛད་སྤྱོད་བྱེད་རྒྱ་ཆེ་རུ་བཏང་སྟེ་རང་རྒྱལ་གྱི་འཛད་སྤྱོད་ནུས་པ་སྔར་བས་འདོན་སྤེལ་ཐུབ་རྒྱུ་རེད།དཔེར་ན།རང་རྒྱལ་ལ་ལོ་60ཡན་གྱི་མི་གྲངས་དུང་ཕྱུར་3ལ་ཉེ་བ་ཡོད།རྒན་ཡོལ་ཞུས་པའི་གཞི་རྩའི་རྒན་གསོའི་དངུལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་དངུལ་འོས་འཚམ་མཐོར་གཏོང་དང་། རྒན་གསོ་ལ་འཕྲོད་པའི་ཐོན་རྫས་ཀྱི་ཞབས་ཞུ་སྔར་ལས་མང་པོ་འདོན་སྤྲོད་བྱེད་པ། དངུལ་རྩའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་བཅས་ཀྱིས་རྒན་རྒོན་གྱི་འཚོ་བའི་སྤུས་ཚད་མཐོར་འདེགས་ནུས་ལྡན་གཏོང་ཐུབ་ལ།དཔལ་འབྱོར་འཕེལ་རྒྱས་ཀྱིས་དམངས་འཚོར་ཕན་པའི་ཕྱོགས་གལ་ཆེན་ཞིག་ཀྱང་ཡིན།

ཕྱི་ལོ་ནི་ལོ་ལྔ་ཚན་བཅུ་བཞིའི་འཆར་འགོད་མཇུག་འགྲིལ་བའི་ལོ་ཞིག་ཡིན་པས།ཕྱི་ལོའི་དཔལ་འབྱོར་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།ང་ཚོས་བསམ་བློ་དང་བྱ་སྤྱོད་དག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་དང་།ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་ལག་ལེན་མཐར་ཕྱིན།ལས་དོན་བསྒྲུབ་རྒྱུ་ཨང་དང་པོར་འཇོག་རྒྱུ་རྒྱུན་འཁྱོངས།ཡིད་ཆེས་ཆེར་སྐྱེད།དཀའ་བར་མི་འཛེམ་པར་མདུན་དུ་སྐྱོད་པ།སྙིང་སྟོབས་ཆེར་བསྐྱེད་བཅས་བྱས་ཏེ་ཕྱོགས་གང་ཅིའི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་དག་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ལ་བསྒྱུར་ནས་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དམིགས་ཚད་དང་ལས་འགན་སྤུས་ཚད་མཐོན་པོའི་སྒོ་ནས་ལེགས་འགྲུབ་བྱེད་ཐུབ་ངེས་ཡིན་ལ།ལོ་ལྔ་ཚན་གྱི་འཆར་གཞི་བཅོ་ལྔ་པ་འགོ་ཡག་པོ་ཞིག་འཛུགས་པར་རྨང་གཞི་བརྟན་པོ་འདིང་དགོས། (ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་14ཉིན་འབྱོར་བའི་གློག་འཕྲིན)(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-12-16 6 6 拉萨日报藏文 c192995.html 1 /enpproperty-->