分享按钮

གཅིག་སྡུད་དྲོད་རླངས་ཀྱིས་བྱིས་པའི་གྲོང་གི་བྱིས་པར་དྲོ་སྐྱིད་སྦྱིན་པ།

པར་འདི་ནི་ཨ་མ་བདེ་ཆེན་སྒྲོལ་དཀར་གྱིས་ལྷ་སའི་བྱིས་པའི་གྲོང་གི་ཁྱིམ་ཚང་5པའི་དྲོ་ཞིང་སྐྱིད་པའི་ཁོར་ཡུག་ཁྲོད་བྱིས་པ་དང་མཉམ་དུ་དཔེ་དེབ་ལ་ལྟ་བཞིན་པའི་རྣམ་པ་ཡིན།

འདི་ལོའི་ཟླ་11ཚེས་15ཉིན་ནས་བཟུང་། ལྷ་སར་གཅིག་སྡུད་ཐོག་དྲོད་རླངས་མཁོ་འདོན་བྱེད་པའི་དུས་ཚིགས་ཤར་བ་དང་བསྟུན་ནས་ལྷ་སའི་SOSབྱིས་པའི་གྲོང་དུའང་དུས་བཀག་ལྟར་དྲོད་རླངས་མཁོ་འདོན་བྱེད་འགོ་ཚུགས་ཤིང་། དྲོ་སོབ་སོབ་ཀྱི་དོན་བཟང་དེས་བྱིས་པའི་གྲོང་གི་ཕྲུ་གུ་དང་ཨ་མ་ཚོར་དྲོ་སྐྱིད་ཀྱི་ཚོར་སྣང་ཟབ་མོ་ཞིག་སྦྱིན་ཡོད། གྲང་ངར་ཆེ་བའི་དུས་ཚིགས་འདིར་བྱིས་པའི་གྲོང་གི་ཁོར་ར་ཁོར་ཡུག་ཀུན་ཏུ་དྲོ་སྐྱིད་དང་གཅེས་སེམས་ཀྱིས་ཁེངས་ཡོད།

ཉེ་ཆར། གསར་འགོད་པ་ལྷ་སའི་SOSབྱིས་པའི་གྲོང་དུ་སྐྱོད་སྐབས། ཁྲོ་ཐབ་ཁང་དུ་དྲོད་རླངས་ཀུང་སིའི་ལས་དོན་པས་དྲོད་རླངས་ཀྱི་སྒྲིག་ཆས་ལ་ཞིབ་བཤེར་བྱས་ནས་བྱིས་པའི་གྲོང་དུ་དཔྱིད་ཀྱི་དཔལ་ཡོན་ཤར་བ་ལྟར་དྲོ་སྐྱིད་ལྡན་པའི་འགན་ལེན་བྱེད་བཞིན་ཡོད་པ་མཐོང་བྱུང་། དེ་རྗེས་དྲ་རྒྱའི་མཉེན་ཆས་འཁོར་སྐྱོད་དང་ཉམས་གསོ་བྱེད་མཁན་གྱི་མི་སྣས་ཆེད་ལས་ཀྱི་ཞིབ་དཔྱད་ཚད་ལེན་ཡོ་བྱད་ཁྱེར་ནས་བྱིས་པའི་གྲོང་དུ་རྒྱུན་གཏན་གྱི་སྐོར་ཞིབ་ལས་དོན་ཧུར་ཐག་སྤེལ་གྱི་ཡོད་པ་རེད།

དྲོད་རླངས་ཀུང་སིའི་ལས་དོན་པས་ཨ་ཅག་ལགས། ཁམས་བཟང་། དེ་རིང་ང་ཚོ་དྲོད་རླངས་ཀྱི་དྲོད་ཚད་ཡག་པོ་ཡོད་མེད་ཐད་ཞིབ་བཤེར་བྱེད་པར་ཡོང་བ་ཡིན། ལྦུ་བ་ཐོན་པ་དང་ཆུ་ཐིགས་འཛགས་པ་སོགས་ཀྱི་གནས་ཚུལ་ཡོད་མེད་ལ་བརྟག་དཔྱད་བྱ་རྒྱུ་ཡིན་ཞེས་བཤད། ལྷ་སའི་SOSབྱིས་པའི་གྲོང་གི་ཁྱིམ་ཚང་5པའི་ནང་དུ། དྲ་རྒྱའི་མཉེན་ཆས་འཁོར་སྐྱོད་དང་ཉམས་གསོ་བྱེད་མཁན་གྱི་མི་སྣས་ཁྱིམ་ཚང་དེའི་དྲོད་རླངས་ཀྱི་སྒྲིག་ཆས་འཁོར་སྐྱོད་རྒྱུན་ལྡན་ཡིན་མིན་ལ་ཞིབ་བཤེར་ནན་ཏན་བྱས་ཤིང་། ཞིབ་བཤེར་བྱེད་རིང་། དྲ་རྒྱའི་མཉེན་ཆས་འཁོར་སྐྱོད་དང་ཉམས་གསོ་བྱེད་མཁན་གྱི་མི་སྣ་ཚོས་ངང་རྒྱུད་རིང་ལ་ཞིབ་ཚགས་པོའི་སྒོ་ནས་དྲོད་རླངས་མཁོ་འདོན་གྱི་མདོང་ལམ་སྦྲེལ་མཐུད་བྱས་ཚུལ་ཐད་ཞིབ་བཤེར་བྱས་པར་མ་ཟད། ཁང་པའི་ནང་གི་དྲོད་ཚད་དང་དྲོད་ཁྱབ་སྒྲིག་ཆས་རྒྱུན་གཏན་ཡིན་མིན་སོགས་ཀྱི་ཐད་ཞིབ་བཤེར་བྱས་ནས་དྲོད་རླངས་མཁོ་འདོན་སྒྲིག་ཆས་འཁོར་སྐྱོད་ཡག་པོ་ཡོང་བའི་འགན་ལེན་བྱས་པ་རེད། ཁྱིམ་ཚང་5པའི་ཨ་མ་བདེ་ཆེན་སྒྲོལ་དཀར་གྱིས་གསར་འགོད་པར་དྲོད་རླངས་མཁོ་འདོན་བྱས་རྗེས་ཁང་པའི་ནང་གི་དྲོད་ཚད་ཧྲེ་ཧྲི་ཏུའུ་26ཙམ་ཟིན་གྱི་འདུག ང་དང་ཕྲུ་གུ་ཚོས་གྱོན་ཆས་སྟབས་བདེ་ཞིག་གྱོན་ནས་སྐྱིད་སྣང་དོད་པའི་ཁོར་ཡུག་ཁྲོད་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་གི་འཚོ་བ་སྐྱེལ་ཆོག་གི་འདུག དེ་སྔ་དྲོད་རླངས་མཁོ་འདོན་བྱེད་ཀྱི་མེད་པའི་དུས་སུ་རྟག་པར་ཕྲུ་གུ་ཚོ་འཁྱགས་མི་ཡོང་ངམ་སྙམ་ནས་སེམས་ཁྲལ་བྱེད་དགོས་ཀྱི་འདུག ད་ལྟ་ཁང་པའི་ནང་ཧ་ཅང་དྲོ་པོ་ཡོད་པས་ཕྲུ་གུ་རྣམས་སོས་དལ་བག་ཕེབས་ངང་ཁྱིམ་དུ་རྩེད་མོ་རྩེ་ཆོག་པ་དང་སློབ་སྦྱོང་ཡང་བྱེད་ཆོག་གི་འདུག གནམ་གཤིས་གྲང་མོ་ཡོད་ཀྱང་ཆམ་པ་ཕོག་ཡོང་སྙམ་པའི་སེམས་ཁྲལ་བྱེད་མི་དགོས་པར་དྲོ་སྐྱིད་ལྡན་པའི་ཁོར་ཡུག་ཁྲོད་དུ་་ཕྲུ་གུ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་ངེས་ཡིན་པས་ང་ཚོའི་བློ་བདེ་པོ་འདུག་ཅེས་བཤད།

ལྷ་སའི་SOSབྱིས་པའི་གྲོང་དུ་དྲོད་རླངས་མཁོ་འདོན་བྱེད་ཁྱོན་སྨི་ངོས་གྲུ་8990ལྷག་ཙམ་ཟིན་ནས་བྱིས་པའི་གྲོང་གི་ཁྱིམ་ཚང་17དང་། གཞོན་ནུའི་ལས་ཤག ཕྱོགས་བསྡུས་བྱེད་སྒོ་ཁང་བཅས་ལ་ཁྱབ་པར་མ་ཟད། རང་གྲོང་གི་གྲོང་ཁུལ་གྱི་དྲོད་རླངས་མཁོ་འདོན་གྱི་ཁ་གསབ་རོགས་དངུལ་ཡང་ལོངས་སུ་སྤྱོད་ཆོག་གི་ཡོད་པ་རེད། དེའི་ནང་གཞོན་ནུའི་ལས་ཤག་དེ་2007ལོར་བཙུགས་པ་དང་བྱིས་པའི་གྲོང་ཚོའི་ཞོར་གཏོགས་སྒྲིག་གཞི་ཞིག་རེད། མིག་སྔར་ལོ་14ཡན་ལོན་པའི་གཞོན་ནུ་12དེའི་ནང་སྡོད་རྒྱུ་བྱུང་ནས་ཁོང་ཚོར་རང་རྐྱ་འཕེར་བའི་སྡོད་གནས་མཁོ་འདོན་བྱས་པ་དང་།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-12-16 6 6 拉萨日报藏文 c192988.html 1 གཅིག་སྡུད་དྲོད་རླངས་ཀྱིས་བྱིས་པའི་གྲོང་གི་བྱིས་པར་དྲོ་སྐྱིད་སྦྱིན་པ། /enpproperty-->