分享按钮

ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལྷ་སའི་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པའི་ཟླ་རེའི་འཆད་ཁྲིད་དང《ཤེས་དཔལ་ ལྷ་སའི》རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་འཕྲུལ་སྒུལ་མིན་པའི་འཁོར་རིགས་ལ་བཅོས་སྒྲིག་བྱ་རྒྱུའི་ལས་དོན་སྐོར་གྱི་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས་བདེ་འཇགས་ལྡན་པ་དང་། ཤར་བགྲོད་ཐུབ་པ། ཡ་རབས། གོ་རིམ་ལྡན་པ་བཅས་ཀྱི་འགྲིམ་འགྲུལ་གྱི་ཁོར་ཡུག་ཤུགས་ཆེན་གཏོད་ཆེད། ཟླ་11ཚེས་28ཉིན་གྱི་སྔ་དྲོ། ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལྷ་སའི་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པའི་ཟླ་རེའི་འཆད་ཁྲིད་དང《ཤེས་དཔལ་ལྷ་ས》ཞེས་པའི་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་རྫོང་རྒྱབ་ཀླུ་ཁང་དུ་སྤེལ་བ་རེད།

བྱེད་སྒོ་སྤེལ་ཡུལ་དུ། གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་རིམ་གསུམ་ཉེན་རྟོག་པ་བདེ་ཆེན་སྒྲོལ་མས་འཕྲུལ་སྒུལ་མིན་པའི་འཁོར་རིགས་ལ་བཅོས་སྒྲིག་བྱ་རྒྱུ་སོགས་ཀྱི་ནང་དོན་ལ་དམིགས་ནས་སྒྲོག་འགྲེལ་བྱས་ཤིང་། ཁོང་གིས་གྲོང་མི་ཚོས་འགྲིམ་འགྲུལ་གྱི་སྒྲིག་སྲོལ་ལ་བརྩི་སྲུང་ཞུ་བའི་གལ་ཆེའི་རང་བཞིན་ནན་བཤད་བྱས་པ་དང་འབྲེལ་ཚང་མར་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ལག་གདང་སྦྲེལ་ནས་ཞི་མཐུན་གྱི་འགྲིམ་འགྲུལ་ཁོར་ཡུག་གཏོད་དགོས་པའི་འབོད་སྐུལ་ཡང་བྱས་པ་རེད། དེ་རྗེས་ཞབས་བྲོ་དང་། གཏམ་བརྗོད། དགོད་བྲོའི་གཏམ་གླེང་སོགས་ངོ་མཚར་ཆེ་བའི་ལེ་ཚན་རེས་མོས་ངང་འཁྲབ་པ་དང་ལྷག་པར་དུ་གཏམ་བརྗོད《བདེ་འཇགས་ངང་ཕྱིར་སྐྱོད་བྱེད》ཅེས་པ་དེའི་ནང་ཆང་རག་བཏུངས་ནས་འཁོར་རིགས་བཏང་བ་ལས་ཐོན་པའི་འགྲིམ་འགྲུལ་ལས་འཛོལ་གྱི་གཏམ་རྒྱུད་བརྗོད་ཡོད་ཅིང་། རྒྱ་ཆེའི་གཟིགས་མོ་བས་ལེ་ཚན་ལ་ལོངས་སྤྱོད་བྱེད་པ་དང་དུས་མཚུངས་ཆང་རག་བཏུངས་ནས་འཁོར་རིགས་བཏང་བའི་གནོད་འཚེ་དང་མཇུག་འབྲས་ཚབས་ཆེན་ལ་ངོས་འཛིན་གཏིང་ཟབ་ཐུབ་པར་མ་ཟད། རྒྱ་ཆེའི་ཁ་ལོ་བས་ཆང་རག་བཏུངས་རྗེས་རླངས་འཁོར་མི་གཏོང་བ་དང་། བདེ་འཇགས་ངང་འཁོར་རིགས་གཏོང་བ། ཡ་རབས་ངང་ཕྱིར་སྐྱོད་བཅས་བྱེད་དགོས་པའི་འབོད་སྐུལ་ཡང་བྱས་པ་རེད། དགོད་བྲོའི་གཏམ་གླེང《ཡ་རབས་ངང་དྲ་བར་ཞུགས་པ》ཞེས་པ་དེ་ཞི་མཐུན་དང་དགོད་བྲོ་བའི་སྐད་ཆའི་ཐོག་ནས་ཚང་མར་གྲངས་གཞི་ཅན་གྱི་དུས་རབས་སུ་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། ཡ་རབས་ལྡན་པའི་ངང་དྲ་བར་ཞུགས་པའི་རྣམ་འགྱུར་དང་བྱ་སྤྱོད་རྒྱུན་འཁྱོངས་བྱེད་དགོས་པ་དང་། དྲ་རྒྱ་དེ་དྲང་ནུས་བརྒྱུད་སྤེལ་དང་ཞི་མཐུན་སྤྱི་ཚོགས་གཏོད་པའི་ལས་སྟེགས་ཤིག་ཏུ་བརྩིས་ནས་ཐུན་མོང་ཐོག་ཤེས་དཔལ་དང་སྐྱོན་བྲལ་གྱི་དྲ་རྒྱའི་ཁོར་ཡུག་གཏོད་དགོས་པའི་ངོས་འཛིན་ཐུབ་པར་བྱས་པ་རེད།

ཡུལ་དངོས་སུ་མང་ཚོགས་ཀུན་བཟང་གིས་འཁྲབ་སྟོན་ལ་བལྟས་རྗེས་ང་ལ་མྱོང་ཚོར་ཟབ་མོ་བྱུང་། 《བདེ་འཇགས་ངང་ཕྱིར་སྐྱོད་བྱེད》ཅེས་པའི་གཏམ་བརྗོད་དེས་ང་ལ་བག་ཆགས་དེ་བས་ཟབ་པ་བཞག་བྱུང་། ཆང་བཏུངས་རྗེས་འཁོར་རིགས་གཏོང་བ་ནི་གནོད་འཚེའི་རང་བཞིན་ཧ་ཅང་ཆེ་བས། ཆང་རག་བཏུངས་རྗེས་འཁོར་རིགས་གཏོང་མི་རུང་ཞིང་། ངའི་བསམ་པར་དྲིལ་བསྒྲགས་སློབ་གསོ་དེ་རིགས་ཀྱི་རྣམ་པ་ཧ་ཅང་ཡག་པོ་ཡོད་པ་དང་། ང་ཚོ་མང་ཚོགས་ཀྱིས་དང་ལེན་བྱེད་སླ་ལ་མོས་པ་གཅིག་མཐུན་བྱུང་ཡོད། སླད་ཕྱིན་ངས་དོ་སྣང་ཆེན་པོ་བྱེད་པ་དང་འབྲེལ་ཉེ་འགྲམ་གྱི་མི་རྣམས་ལ་ངེས་པར་དུ་འགྲིམ་འགྲུལ་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུས་ནས་ཡ་རབས་ངང་ཕྱིར་སྐྱོད་བྱེད་དགོས་པའི་དྲན་སྐུལ་བྱ་རྒྱུ་ཡིན་ཞེས་བཤད།

བྱེད་སྒོའི་ཐོག་ད་དུང་ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)ཁག་གི་མི་རིགས་ཀྱི་ཁྱད་ལྡན་ཁེ་ལས་ཞུགས་རྒྱུར་གདན་དྲངས་པ་དེའི་ཐོག་ནས་ལྷ་སའི་སྣ་མང་ཕུན་སུམ་ཚོགས་པའི་ཁྱད་ལྡན་ཐོན་རྫས་དང་སྲོལ་རྒྱུན་རིག་གནས་མངོན་པར་མ་ཟད། རྫོང(ཆུས)གི་ཁེ་ལས་ལ་ཚོང་ལམ་རྒྱ་ཆེར་གཏོང་བ་དང་ཐོན་རྫས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་བའི་ལས་སྟེགས་ཤིག་ཀྱང་བཏོད་ཡོད་པ་རེད།

མལ་གྲོ་གུང་དཀར་རྫོང་གི་ཁེ་ལས་ཀྱི་འཐུས་མི་རིན་ཆེན་གྱིས་ད་ཐེངས་ཀྱི་ཟླ་རེའི་འཆད་འཁྲིད་བྱེད་སྒོར་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་། ང་ཚོས་སྟེགས་བུ་དེ་སྤྱད་ནས་དག་པའི་རྫ་ཆས་ཁྱབ་གདལ་དང་དྲིལ་བསྒྲགས་བྱེད་པའི་གོ་སྐབས་ཤིག་བྱུང་བ་དང་། ཚང་མས་ང་ཚོའི་ཐོན་རྫས་སྣ་ཚོགས་ལ་དགའ་པོ་བྱེད་ཀྱི་འདུག་པས་ང་ཧ་ཅང་དགའ་པོ་བྱུང་། ད་དུང་འདི་གར་ང་ཚོས་དངོས་ཟོག་འཚོང་ཞོར་དུ་སྒྲོག་འགྲེལ་ཉན་ཆོག་ལ་ཚུལ་མིན་གྱི་འགྲིམ་འགྲུལ་བྱེད་སྤྱོད་ཀྱི་གནོད་འཚེར་ཡང་ངོས་འཛིན་ཐུབ་བྱུང་། སླད་ཕྱིན་ང་ཚོས་ཡ་རབས་ངང་འགྲོ་སྐྱོད་དང་ཡ་རབས་ངང་རླངས་འཁོར་གཏོང་རྒྱུར་ཡིད་གཟབ་བྱ་རྒྱུ་ཡིན་ཞེས་བཤད།

བྱེད་སྒོ་དེ་ལྷ་སའི་ཡོངས་བསྒྲགས་དང་། ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་སྐད་འཕྲིན་བརྙན་ལམ་སྤྱི་རྟགས། ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་གྱི་འཁྱུག་དབྱིངས། མགྱོགས་འཕྲིན་སྤྱི་རྟགས་བཅས་བརྒྱུད་ནས་དྲ་རྒྱའི་ཐོག་ཐད་གཏོང་བྱས་ཡོད། ཐད་གཏོང་མཇུག་འགྲིལ་རྗེས་ཁྱོན་མི་ཐེངས་ཁྲི་2.1གིས་བལྟས་པ་དང་བསྔགས་བརྗོད་བྱེད་ཚད་མི་ཐེངས་ཁྲི་2.9ཟིན་ཡོད་པ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

པར་འདི་ནི་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་སའི་ཡུལ་དངོས་ཡིན།

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-30 6 6 拉萨日报藏文 c191964.html 1 ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལྷ་སའི་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པའི་ཟླ་རེའི་འཆད་ཁྲིད་དང《ཤེས་དཔལ་ ལྷ་སའི》རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་བ། /enpproperty-->