分享按钮

ཁྲུང་ཁྲུང་སྐེ་ནག་ལ་སྲུང་སྐྱོབ་བྱེད་པ་ནི་གཟི་བརྗིད་ལྡན་པའི་ལས་ཀ་ཞིག་ཡིན།

2024ལོའི་དུས་ཚིགས་གསུམ་པའི་ཀྲུང་གོའི་མི་བཟང་མིང་ཐོའི་ནང་ཚུད་པའི་འཐུས་མི་བསྟན་འཛིན་གྱི་སྐོར་བཀོད་པ།

ད་ལོ་ལོ་60ལ་སོན་པའི་བསྟན་འཛིན་ནི་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མཚོ་སྟོད་ཤང་མཁར་གདོང་གྲོང་ཚོའི་ཁྲུང་ཁྲུང་སྐེ་ནག་གི་སྐོར་སྲུང་བ་ཞིག་ཡིན་ཞིང་། 2015ལོ་ནས་བཟུང་སྐོར་སྲུང་བའི་འགན་ཁུར་ཚུན་གྱི་ལོ་ངོ་བཅུའི་རིང་།ནམ་དུས་གང་ཡིན་རུང་ཁྲུང་ཁྲུང་སྐེ་ནག་ལ་སྲུང་སྐྱོབ་བྱེད་པའི་ལམ་བུ་བརྟན་སྲུང་བྱས་པར་བརྟེན་གནོང་འགྱོད་སྤུ་ཙམ་ཡང་བྱུང་མེད། ཉིན་ཤས་གོང་། ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་གཞུང་དོན་ཁང་གིས་2024ལོའི་དུས་ཚིགས་གསུམ་པའི་ཀྲུང་གོའི་མི་བཟང་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། བསྟན་འཛིན་ལ་གཟི་བརྗིད་མཚན་སྙན་ཐོབ་ཡོད་པ་རེད།

རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་པའི་ཁྲུང་ཁྲུང་སྐེ་ནག་ནི་འཛམ་གླིང་ཐོག་འཚོ་གནས་དང་ས་མཐོར་རྒྱུད་སྤེལ་བྱེད་པའི་ཁྲུང་ཁྲུང་རིགས་འབའ་ཞིག་དེ་ཡིན་པ་དང་། ཁྲུང་ཁྲུང་སྐེ་ནག་ལ་ལྷ་བྱ་དང་། བོད་བྱ་ཁྲུང་ཁྲུང་ཟེར་ཞིང་། དམངས་ཁྲོད་དུ་གེ་སར་རྟ་རྫི་ཞེས་ཀྱང་འབོད་ཀྱི་ཡོད། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་ལུང་ཤུར་དུ་གནས་པའི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ལ་ལྷ་སའི་འབྲུ་མཛོད་ཅེས་བརྗོད་པ་དང་། ལོ་ལྟར་དགུན་དུས་སུ་ཁྲུང་ཁྲུང་སྐེ་ནག་མང་པོ་ཞིག་འདི་གར་དགུན་སྒྲོལ་བྱེད་པར་ཡོང་གི་ཡོད། ལྷུན་གྲུབ་རྫོང་གི་སྟག་མགོ་རི་བོའི་ཆུ་མཛོད་ཀྱི་གཡས་གཡོན་དུ་རི་བོས་བསྐོར་བ་དང་། མཐའ་འཁོར་དུ་ས་ཞིང་གིས་ཁེངས་ཡོད་པས་ཁྲུང་ཁྲུང་སྐེ་ནག་གི་འཚོ་གནས་ཁུལ་གཙོ་བོར་གྱུར་ཡོད། 2015ལོར་བསྟན་འཛིན་ཁྲུང་ཁྲུང་སྐེ་ནག་ལ་སྲུང་སྐྱོབ་བྱེད་པའི་སྐོར་སྲུང་བ་ཞིག་ཏུ་གྱུར་ནས་སྟག་མགོ་རི་བོའི་ཆུ་མཛོད་ཁུལ་དུ་སྐོར་ཞིབ་བྱེད་དགོས་ཀྱི་ཡོད། བསྟན་འཛིན་གྱིས་ཁྲུང་ཁྲུང་སྐེ་ནག་ལ་སྲུང་སྐྱོབ་བྱེད་པའི་ལས་ཀ་དེར་ང་དགའ་པོ་ཡོད་ལ། ཁྲུང་ཁྲུང་སྐེ་ནག་ལ་སྲུང་སྐྱོབ་བྱེད་པའི་སྐོར་སྲུང་བར་གྱུར་པ་ནི་ཚང་མས་ང་ལ་ཡིད་ཆེས་བྱེད་པ་ཞིག་ཡིན་པས་ངས་གཟི་བརྗིད་དུ་བརྩི་ཡི་ཡོད་ཅེས་བཤད།

དགུན་དུས་སུ་ལྷུན་གྲུབ་ཀྱི་ལུང་གཞུང་གང་སར་རྩྭ་ཐང་སེར་པོར་གྱུར་བ་དང་བརྔ་བསྡུ་བྱས་ཟིན་པའི་ཞིང་ནང་དུ་འབྲི་གཡག་གིས་ནས་སོག་ཟ་བཞིན་ཡོད། ལོ་རེའི་ཟླ་10པ་ནས་ཕྱི་ལོའི་ཟླ་3པའི་བར་ཁྲུང་ཁྲུང་སྐེ་ནག་ཁྱུ་གཅིག་ལྷུན་གྲུབ་རྫོང་གི་འཕན་པོའི་གཙང་པོ་རྒྱུག་ཁུལ་དུ་དགུན་སྒྲོལ་བྱེད་པ་དེ་ཡང་བསྟན་འཛིན་གྱི་བྲེལ་བརྩོན་ཆེ་ཤོས་ཀྱི་དུས་ཤིག་རེད། བསྟན་འཛིན་གྱིས་དགུན་ཁ་ཤར་འགོ་ཚུགས་པ་དང་ངས་སྔོན་ཚུད་ནས་གྲ་སྒྲིག་ཡག་པོ་བྱས་ཏེ་ཉིན་ལྟར་ཁྲུང་ཁྲུང་སྐེ་ནག་འདི་གར་དགུན་སྒྲོལ་བྱེད་པར་ཡོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཁྲུང་ཁྲུང་སྐེ་ནག་ཕྱི་ལོའི་ཟླ་3པ་ནས་བཟུང་བྱང་དུ་འཕུར་འགོ་ཚུགས་ཀྱི་ཡོད་པས་ངའི་སྣང་བར་གཉེན་ཉེ་ཕྱི་རུ་སོང་བ་དང་འདྲ་བར་ཕྱིར་ལོག་བྱ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད་ཅེས་བཤད།

བསྟན་འཛིན་གྱི་ཉིན་རེའི་ལས་ཀ་ནི་ཁྲུང་ཁྲུང་སྐེ་ནག་ལ་སྐོར་སྲུང་བྱ་རྒྱུ་དང་། ལྟོ་སྟེར་རྒྱུ། སྨན་བཅོས་བྱ་རྒྱུ་སོགས་དང་དེ་བཞིན་སྦག་སྦག་བཞོན་ནས་མཁར་གདོང་གྲོང་ཚོ་ནས་སྟག་མགོ་རི་བོའི་ཆུ་མཛོད་བར་སྐོར་སྲུང་བྱེད་པར་འགྲོ་བ་བཅས་རེད། སྐོར་སྲུང་བྱེད་པའི་ལམ་བར་དུ་བསྟན་འཛིན་གྱིས་ཕྱོགས་བཞི་མཚམས་བརྒྱད་ལ་བལྟ་བ་དང་། ལྕགས་དྲ་དང་གློག་སྐུད་སོགས་སུ་ཁྲུང་ཁྲུང་སྐེ་ནག་ལུས་ཡོད་མེད་དང་། ཁྱི་འཁྱམས་ཀྱིས་ཁྲུང་ཁྲུང་སྐེ་ནག་ལ་འཇབ་རྒོལ་བྱེད་ཀྱི་ཡོད་མེད་སོགས་ལ་བལྟས་ནས་ཁྲུང་ཁྲུང་སྐེ་ནག་གི་འཚོ་གནས་ཀྱི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པར་བྱེད་ཀྱི་ཡོད།

ཉིན་ལྟར་ཉིན་གང་པོར་ལམ་ཐག་སྤྱི་ལེ་སུམ་ཅུ་བཞི་བཅུ་ཙམ་ལ་སྐོར་སྲུང་བྱེད་པ་དེ་བསྟན་འཛིན་གྱི་ངོས་ནས་བཤད་ན་རྒྱུན་གཏན་ཞིག་རེད། བསྟན་འཛིན་གྱིས་ངས་རང་བྱུང་ཁམས་ཀྱི་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་འདོད་འདུག བདག་ཏུ་མ་བཟུང་བའི་སྲོག་ཆགས་ཇེ་མང་དུ་འགྲོ་བ་མཐོང་སྐབས་སེམས་ནང་ཧ་ཅང་དགའ་པོ་འདུག་ཅེས་བཤད།

ལོ་འདི་དག་རིང་བསྟན་འཛིན་གྱིས་རང་འགུལ་ངང་ལག་ཐོགས་ཁ་པར་གྱི་ཨང་གྲངས་སྟག་མགོ་རི་བོའི་ཆུ་མཛོད་མཐའ་འཁོར་གྱི་མང་ཚོཊ་ལ་བཤད་པ་དང་། གལ་ཏེ་མི་ཞིག་གིས་རྨས་སྐྱོན་ཕོག་པའི་ཁྲུང་ཁྲུང་སྐེ་ནག་མཐོང་ཚེ་འཕྲལ་མར་རང་ཉིད་དང་འབྲེལ་བ་བྱེད་ཐུབ་པའི་རེ་བ་བྱེད་བཞིན་ཡོད།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-28 2024ལོའི་དུས་ཚིགས་གསུམ་པའི་ཀྲུང་གོའི་མི་བཟང་མིང་ཐོའི་ནང་ཚུད་པའི་འཐུས་མི་བསྟན་འཛིན་གྱི་སྐོར་བཀོད་པ། 6 6 拉萨日报藏文 c191805.html 1 ཁྲུང་ཁྲུང་སྐེ་ནག་ལ་སྲུང་སྐྱོབ་བྱེད་པ་ནི་གཟི་བརྗིད་ལྡན་པའི་ལས་ཀ་ཞིག་ཡིན། /enpproperty-->