分享按钮

(པར་ངོས་དང་པོར་མཐུད)གསར་འགོད་པས་སུང་ཡུས་ཀང་མཐོང་སྐབས།ཁོང་སློབ་མ་ཚོ་དང་མཉམ་དུ་གཞུང་ལས་ཐོག་ཁང་གི་མདུན་དུ་གཏམ་གླེང་བྱེད་བཞིན་འདུག དེའི་ཉིན་སློབ་གྲྭས་ལུས་རྩལ་འགྲན་ཚོགས་འཚོགས་བཞིན་ཡོད།སུང་ཡུས་ཀང་གིས་སློབ་མ་ཚོར་ལུས་རྩལ་གྱི་རྣམ་གྲངས་གང་དག་ཐོ་འགོད་བྱས་པ་དང་གྲུབ་འབྲས་གང་འདྲ་ཐོབ་ཡོད་ཅེས་བོད་སྐད་ཆུ་རྒྱུག་པ་ལྟར་བཤད་ནས་སློབ་མ་དང་སྤེལ་རེས་བྱེད་པ་མཐོང་ནས་གསར་འགོད་པ་ཧང་སངས་པར་གྱུར།

སུང་ཡུས་ཀང་ནི་1975ལོར་བོད་དུ་སྐྱེས་པ་དང་ཕ་ཡུལ་ཧོ་ནན་ཀྲེན་ཀྲོའུ་ནས་ཡིན།ཁོང་གི་པ་ཕ་1954ལོར་བོད་དུ་ཡོང་ནས་མཚོ་བོད་གཞུང་ལམ་འཛུགས་སྐྲུན་ནང་ཞུགས།དེར་བརྟེན་སུང་ཡུས་ཀང་ཡང་བོད་ཀྱི་མི་རབས་གཉིས་པ་ཞིག་ཏུ་གྱུར་ཡོད།སུང་ཡུས་ཀང་1997ལོའི་ཟླ་7པར་སློབ་མཐར་སོན་ནས་མལ་གྲོ་གུང་དཀར་རྫོང་རུ་ཐོག་ཤང་ལྟེ་བའི་སློབ་ཆུང་དུ་ལས་བགོས་བརྒྱབ།སློབ་གྲྭ་དེ་རྫོང་གྲོང་དང་བར་ཐག་སྤྱི་ལེ་50ལྷག་ཙམ་དང་།ལྷ་ས་གྲོང་ཁུལ་དང་བར་ཐག་སྤྱི་ལེ་120ལྷག་ཙམ་ཡོད་ཅིང་།ས་བབ་མཐོ་ཚད་སྨི་4600ཡན་ཟིན་གྱི་ཡོད།ཁོང་གིས་དེ་གར་སློབ་གསོའི་ལས་དོན་ལ་གཞོལ་ནས་ལོ་27སོང་ཡོད།

སུང་ཡུས་ཀང་སློབ་གསོའི་འཐབ་ས་མདུན་མར་གཞི་ཚུགས་པ་དང་བོད་རིགས་སློབ་མའི་ཆེད་དུ་ཁོང་གིས་ནུས་ཤུགས་ཡོད་རྒུ་བཏོན་ཞིང་།ཐེངས་དང་པོར་འཆད་སྟེགས་ཐོག་བསྐྱོད་པའི་གནས་ཚུལ་ཕྱིར་དྲན་བྱེད་སྐབས།སུང་ཡུས་ཀང་གིས་སྐད་བརྡ་མ་འཕྲོད་པས་སློབ་མ་དང་སྤེལ་རེས་བྱེད་དཀའ་བར་གྱུར་སྟབས།ཁོང་གིས་རང་འགུལ་ངང་བོད་རིགས་ལས་རོགས་ཀྱི་ས་ནས་བོད་སྐད་སློབ་སྦྱོང་བྱས་པ་དང་།ཆེས་སྟབས་བདེ་བའི་རྒྱུན་གཏན་གྱི་སྐད་ཆ་ཚིག་རེ་གཉིས་ནས་འགོ་བཙུགས་ཏེ་སློབ་སྦྱོང་བྱས་པར་མ་ཟད།ད་དུང་རང་འགུལ་ངང་བོད་རིགས་ཀྱི་རིག་གནས་གོམས་སྲོལ་ལའང་ཤེས་རྟོགས་ཀྱང་བྱས་པ་རེད།ད་ཆ་ཁོང་གིས་བོད་རྒྱ་སྐད་གཉིས་ཀྱི་ཐོག་ནས་སློབ་ཁྲིད་བྱེད་ཐུབ་ཀྱི་ཡོད་ལ་རིག་གནས་ཤེས་བྱ་དག་སློབ་མ་ཚང་མའི་སེམས་ནང་ཐོགས་མེད་དུ་བརྒྱུད་སྤྲོད་བྱེད་ཀྱི་ཡོད།

ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་བོད་རིགས་སློབ་མར་རོགས་རམ་སྔར་བས་ཡག་པོ་བྱ་ཆེད།སུང་ཡུས་ཀང་གིས་རྒྱུན་དུ་སློབ་གསེང་སྐབས་ཁྱིམ་དུ་འཚམས་འདྲིར་སྐྱོད་ཀྱི་ཡོད་པ་དང་།ཀྱག་ཀྱོག་གི་རི་ལམ་དང་སྟབས་བདེ་བའི་སྦྲ་གུར་ནང་ཁོང་གི་གཟུགས་བརྙན་མཐོང་རྒྱུ་ཡོད།ཁོང་གིས་ཕྲུ་གུ་ཚོར་སློབ་སྦྱོང་གི་ཡོ་བྱད་འཁྱེར་བ་དང་།ཁྱིམ་བདག་ཚོ་དང་གླེང་མོལ་བྱས་ཏེ་ཁོང་ཚོའི་འཚོ་བའི་དཀའ་ངལ་ཤེས་རྟོགས་བྱེད་པ་དང་འབྲེལ་ཁོང་ཚོར་རོགས་རམ་ཧུར་ཐག་བྱེད་ཀྱི་ཡོད་པ་རེད།ཁོང་གིས་སློབ་སྦྱོང་དང་འཚོ་བའི་ཐད་ཐུགས་ཁུར་ཟབ་བཞེས་གནང་བར་མ་ཟད།བསམ་བློའི་ཁྲིད་སྟོན་ཐད་ཀྱང་ནུས་ཤུགས་གང་ཡོད་བཏོན་གནང་གི་ཡོད།ཁོང་གིས་སློབ་ཞོར་གྱི་དུས་ཚོད་སྤྱད་དེ་མི་རིགས་མཐུན་སྒྲིལ་གྱི་འདུ་ཤེས་རྒྱུན་གཏན་གྱི་སློབ་ཁྲིད་ནང་བཅུག་ནས་གསོན་ཉམས་དོད་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད་མང་དག་ཅིག་བརྗོད་པ་བརྒྱུད་མི་རིགས་ཁག་དབར་ཁྱིམ་ཚང་གཅིག་ལྟར་གྱི་བརྩེ་བ་ཟབ་མོ་ཕྲུ་གུ་ཚོའི་སེམས་ནང་ཟུག་པར་བྱེད་ཀྱི་ཡོད།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་66འཁོར་བའི་མཚམས་དེར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཆེད་མངགས་ནང་སོག་དང་། ཀོང་ཤིས། བོད་ལྗོངས། ཉིང་ཞ། ཤིན་ཅང་བཅས་རང་སྐྱོང་ལྗོངས་5ནས་ཡོང་བའི་གཞི་རིམ་གྱི་མི་རིགས་མཐུན་སྒྲིལ་གྱི་ཕུལ་བྱུང་འཐུས་མི་13པེ་ཅིང་དུ་རྒྱལ་སྟོན་བྱེད་སྒོར་ཞུགས་པར་གདན་དྲངས་ཡོད། སྟབས་ལེགས་པ་ཞིག་ལ་སུང་ཡུས་ཀང་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཇལ་བའི་གོ་སྐབས་ཐོབ་ཡོད། འདི་ལོ་སུང་ཡུས་ཀང་ལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་དཔེ་བཟང་བ་མི་སྒེར་གྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།སུང་ཡུས་ཀང་གིས་གཟི་བརྗིད་དེ་ནི་རང་ཉིད་ལ་ཁས་ལེན་བྱས་པ་ཞིག་ཡིན་པར་མ་ཟད།ལོ་མང་རིང་རང་ཉིད་ཀྱིས་སློབ་གསོའི་བྱ་གཞག་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ཐད་འབད་འབུངས་བྱས་པར་ཚད་མཐོའི་ཁས་ལེན་བྱས་པ་ཞིག་དེ་བས་ཡིན་པས།སློབ་གསོའི་བྱ་གཞག་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་མུ་མཐུད་འབད་བརྩོན་བྱེད་པའི་དད་སེམས་དེ་བས་བརྟན་དུ་ཕྱིན་སོང་ཞེས་བཤད།

སུང་ཡུས་ཀང་ནི་སྐད་གྲགས་མེད་པར་ལེགས་སྐྱེས་འབུལ་མཁན་གྱི་སློབ་གསོ་བ་ཞིག་ཡིན་ཞིང་།ཁོང་གིས་སྤྲོ་སེམས་ཚད་མེད་དང་དད་སེམས་བརྟན་པོའི་ཐོག་ནས་མི་སྣ་གསོ་སྐྱོང་གི་ལས་དོན་བསྒྲུབས་པ་ལས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་བ་ཞིག་ཏུ་གྱུར་པ་དང་།ཁོང་གི་མཛད་རྗེས་ནི་མུན་པ་འཇོམས་པའི་འོད་ཟེར་ཞིག་དང་གཉིས་སུ་མ་མཆིས་པར་སློབ་གྲྭའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་ལམ་བུ་ལེགས་པར་གསལ་བར་བྱས་ཡོད།

(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-28 6 6 拉萨日报藏文 c191802.html 1 /enpproperty-->