ལས་སྟེགས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་ནང་མཁོ་རྒྱ་ཆེར་གཏོང་བ་དང་། ལས་ཞུགས་བརྟན་པོ་ཡོང་བར་བྱེད་པ། དམངས་འཚོར་ཕན་འདོགས་པ་སོགས་དང་འབྲེལ་བ་ཡོད་ལ། དངོས་ཚན་དཔལ་འབྱོར་གྱི་ནུས་པ་སྐྱེད་པ་དང་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་སུ་གཏོང་བར་ཡང་འབྲེལ་བ་ཡོད། ཚེས་22ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག ལས་སྟེགས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་རྒྱུར་སྤྱི་འདོམས་དང་མཛུབ་ཁྲིད་བྱེད་པར་སྔར་བས་ཤུགས་སྣོན་བརྒྱབ་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད།
གོ་ལ་ཧྲིལ་པོའི་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་འགྲོ་བ་དང་བསྟུན་ནས་རང་རྒྱལ་དུ་ལས་སྟེགས་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་ཕྱིན་ཞིང་།
འཕེལ་རྒྱས་ཀྱི་གཞི་ཁྱོན་ཆེ་རུ་ཕྱིན་ཡོད། དྲ་རྒྱའི་ཚོང་དོན་ལ་ཆ་མཚོན་ན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གྲངས་གཞིར་གཞིགས་ཚེ། ད་ལོའི་ཟླ་བ་དང་པོ་ནས་བཅུ་པའི་བར་རྒྱལ་ཡོངས་ཀྱི་དྲ་རྒྱའི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་12.4ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་8.8འཕར་བ་ཡོད། དེའི་ནང་གི་རྫས་གྲུབ་ཚོང་ཟོག་གི་དྲ་རྒྱའི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་10.3ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ་8.3འཕར་བ་དང་། དེས་སྤྱི་ཚོགས་འཛད་སྤྱོད་ཚོང་ཟོག་གི་སིལ་ཚོང་བསྡོམས་འབོར་གྱི་བརྒྱ་ཆ་25.9བཟུང་ཡོད། ཀྲུང་གོ་ཚན་རིག་ཁང་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་གི་དགེ་རྒན་ཆེན་མོ་བ་སུན་དབྱིས། ལས་སྟེགས་དཔལ་འབྱོར་ནི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་རྣམ་པ་གསར་པ་ཞིག་ཡིན་པས། ལས་སྟེགས་དཔལ་འབྱོར་གསར་གཏོད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེས། དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་དུ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བར་ནུས་པ་གལ་ཆེན་ཐོན་ཐུབ་ཅེས་བཤད།
ཚོགས་འདུའི་ཐོག སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བཟོ་ལས་ཀྱི་དྲ་རྒྱའི་ལས་སྟེགས་མ་ལག་སྟོབས་ཆེར་གཏོང་བ། འཛད་སྤྱོད་ཀྱི་དྲ་རྒྱའི་ལས་སྟེགས་ཁེ་ལས་ཀྱིས་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། ལས་སྟེགས་དཔལ་འབྱོར་ཁྱབ་ཁོངས་ཀྱི་གྲངས་གཞིའི་རྒྱུ་ཆ་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་བ། གྲངས་གཞི་ཁྲིམས་ལྟར་གོ་རིམ་ལྡན་པའི་ངང་རྒྱལ་མཚམས་གྲོལ་ནས་འཁོར་རྒྱུག་བྱ་རྒྱུར་སྐུལ་འདེད་གཏོང་བ། ལས་སྟེགས་དཔལ་འབྱོར་ཁྱབ་ཁོངས་ཀྱི་སྲིད་ཇུས་དང་སྤྱི་ཁོག་སྲིད་ཇུས་ཀྱི་གཅིག་མཐུན་རང་བཞིན་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་ཡོད།
མིག་སྔར་དཔལ་འབྱོར་བསྐྱར་འཕར་གྱི་འཕེལ་ཕྱོགས་བཟང་པོ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ་དང་། ལོ་ཧྲིལ་པོའི་དཔལ་འབྱོར་འཕར་བའི་དམིགས་ཚད་ལེགས་འགྲུབ་ཧུར་ཐག་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད། སུན་དབྱིས། ཐེངས་འདིའི་ཚོགས་འདུའི་ཐོག ལས་སྟེགས་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བརྡ་རྟགས་གསལ་པོར་བསྟན་པ་དེས་ལས་སྟེགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་འགྲོ་རྒྱུ་རེད་ཅེས་བཤད།
ལས་སྟེགས་ཁེ་ལས་ལ་རྟག་ཏུ་འཛད་སྤྱོད་པ་འབོར་ཆེན་ཡོད་པ་དང་། གྲངས་གཞི་འབོར་ཆེན་ཁོང་དུ་ཆུད་པ། ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ། བྱེད་པོ་འབོར་ཆེན་དང་འབྲེལ་བ་ཡོད་པས། ཁྲོམ་རའི་ལེགས་ཆར་བརྟེན་ནས་འཛད་སྤྱོད་པ་དང་ལས་སྟེགས་སུ་ཞུགས་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བ་སོགས་ཀྱི་གནད་དོན་ཐོན་སླ་པོ་ཡོད།
ཚོགས་འདུའི་ཐོག ཁྲོམ་རའི་འགྲན་རྩོད་སྒྲིག་ལམ་ཚད་ལྡན་དུ་བཏང་ནས། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ལས་སྟེགས་ཁེ་ལས་ཀྱིས་གཉེར་སྐྱོང་ཚད་ལྡན་དུ་གཏོང་བ་དང་། གོ་རིམ་ལྡན་པའི་ངང་འགྲན་རྩོད་བྱེད་པ། སྤུས་ཚད་མཐོ་རུ་གཏོང་བ་བཅས་ཀྱི་སྒོ་ནས་ཕྱོགས་ཁག་གི་གཉིས་ཁེ་གཉིས་ཕན་ལ་སྐུལ་འདེད་གཏོང་དགོས་པ། འཛད་སྤྱོད་པ་དང་ངལ་རྩོལ་པའི་ཁྲིམས་མཐུན་གྱི་ཁེ་དབང་ལ་འགན་ལེན་ཏན་ཏིག་བྱས་ནས། དྲ་རྒྱའི་འཛད་སྤྱོད་ཀྱི་ཞུ་གཏུག་ཡོངས་བསྒྲགས་དང་གདེང་འཇོག་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས་པ། ལས་སྟེགས་ཁེ་ལས་ཀྱིས་ཁྲིམས་ལྟར་ལས་མི་སྤྱོད་ཚུལ་ཚད་ལྡན་དུ་གཏོང་རྒྱུར་མཛུབ་ཁྲིད་བྱས་ནས། ལས་ཞུགས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་དཔལ་འབྱོར་གྱི་ནུས་པ་གལ་ཆེན་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས་ཞེས་བླང་བྱ་བཏོན་ཡོད།
ཆེད་ལས་མཁས་ཅན་གྱིས་དབྱེ་ཞིབ་བྱས་དོན། གསར་གཏོད་དང་། ལྟ་སྐུལ་དོ་དམ། འཕེལ་རྒྱས། བདེ་འཇགས་བཅས་ནི་གཅིག་རམ་གཅིག་འདེགས་དང་རྩོད་སྒྲུབ་གཅིག་གྱུར་གྱི་འབྲེལ་བ་ཞིག་ཡིན་པས། ལས་སྟེགས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་ཞུ་བར། རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། རྒྱུན་རྣམ་ཅན་གྱི་ལྟ་སྐུལ་དོ་དམ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་བརྟན་པོ་དང་། ཁ་གསལ། སྔོན་དཔག་ཐུབ་པ་བཅས་ཀྱི་སྲིད་ཇུས་ཀྱི་ཁོར་ཡུག་ཅིག་ཀྱང་གཏོད་དགོས་ཀྱི་ཡོད། དེར་བརྟེན་ཕྱོགས་ཁག་གིས་མཐུན་སྦྱོར་བྱ་རྒྱུར་སྐུལ་འདེད་བཏང་ཚེ། གཞི་ནས་ལས་སྟེགས་དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་རྒྱུར་རམ་འདེགས་སྔར་བས་བྱ་ཐུབ།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་22ཉིན་འབྱོར་བའི་གློག་འཕྲིན)
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社