ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་23ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་23ཉིན་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཞིབ་བཤེར་ཁྲོད་དུ། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་སྨན་བཅོས་སྒྲིག་གཞི་ཁག་ཅིག་གིས་རང་བཤེར་རང་བཅོས་ཐད་ཁྲལ་སེལ་སླ་བཅོས་བྱེད་པ་དང་གནད་དོན་རང་འགུལ་ངང་བཅོས་སྒྲིག་མི་བྱེད་པ་ཤེས་རྟོགས་བྱུང་ཡོད། རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་དཔེ་མཚོན་གནད་དོན་ཁག་ཅིག་ཡོངས་བསྒྲགས་བྱས་པ་དེ་སྨན་ཁང་7དང་འབྲེལ་བ་འདུག
དེའི་ནང་།ནང་སོག་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ལ་ཞིབ་བཤེར་བྱས་པ་བརྒྱུད།གནད་དོན་82ཤེས་པ་དང་ཁྲིམས་འགལ་སྒྲིག་འགལ་གྱི་དངུལ་འབོར་སྒོར་ཁྲི་3466.7ཟིན་མོད། འོན་ཀྱང་སྨན་ཁང་དེས་གཏན་འབེབས་ཀྱི་དུས་ཚོད་ནང་རང་བཤེར་རང་བཅོས་བྱས་ནས་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩའི་དངུལ་གྲངས་ཕྱིར་སློག་གཏན་ནས་བྱས་མེད་པ་མ་ཚད།(ཞིབ་བཤེར་མཇུག་འགྲིལ་ནས་གཟའ་འཁོར་གཉིས་སོང་རྗེས་སྨན་ཁང་དེས་སྒོར་ཁྲི་3.23ཕྱིར་བསློགས་པ) གནད་དོན་ཁག་ཅིག་སྔོན་གྱི་ཞིབ་བཤེར་ཁྲོད་དུ་བཏོན་རུང་། སྨན་ཁང་དེས་བཅོས་སྒྲིག་མཐར་ཕྱིན་པར་བྱས་མེད་པ་དང་ད་ཐེངས་ཀྱི་ཞིབ་བཤེར་ནང་གནད་དོན་ཁག་གཅིག་ད་དུང་རྒྱ་ཁྱབ་ངང་གནས་ཡོད། དཔེ་མཚོན་གྱི་གནད་དོན་ནང་ཚད་གཞི་ལས་བརྒལ་ནས་གྲོན་དངུལ་བསྡུ་བ་དང་། སྨན་བཅོས་བྱེད་ཐལ་ཤོར་བ། ཁག་བགོས་ཀྱིས་གྲོན་དངུལ་བསྡུ་བ་བཅས་ཚུད་ཡོད།
ཅང་ཤིས་ཞིང་ཆེན་ཅིའུ་ཅང་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོར་ཞིབ་བཤེར་བྱས་པ་བརྒྱུད།གནད་དོན་ཁག་42ཤེས་པ་དང་ཁྲིམས་འགལ་སྒྲིག་འགལ་གྱི་མ་དངུལ་སྒོར་ཁྲི་592.8ཟིན་མོད། འོན་ཀྱང་སྨན་ཁང་དེས་རང་བཤེར་རང་བཅོས་བྱས་ནས་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་སྒོར་ཁྲི་1.96ལས་ཕྱིར་སློག་བྱས་མེད།
ཅི་ལིན་ཞིང་ཆེན་ཁྲང་ཁྲུན་གྲོང་ཁྱེར་ཀྲུང་ལུཊ་སྨན་ཁང་ལ་ཞིབ་བཤེར་བྱས་པ་བརྒྱུད།གནད་དོན་ཁག་38ཤེས་ཡོད་པ་དང་ཁྲིམས་འགལ་སྒྲིག་འགལ་གྱི་དངུལ་སྒོར་ཁྲི་1638.7ཟིན་མོད། འོན་ཀྱང་སྨན་ཁང་དེས་རང་བཤེར་རང་བཅོས་བྱས་ནས་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་སྒོར་ཁྲི་120.1ལས་ཕྱིར་སློག་བྱས་མེད།
ཧོ་པེ་ཞིང་ཆེན་ཧྲེ་ཅ་ཀྲོང་གྲོང་ཁྱེར་མི་དམངས་སྨན་ཁང་ལ་ཞིབ་བཤེར་བྱས་པ་བརྒྱུད།གནད་དོན་86ཤེས་ཡོད་པ་དང་ཁྲིམས་འགལ་སྒྲིག་འགལ་གྱི་མ་དངུལ་སྒོར་ཁྲི་2000.9ཟིན་མོད། འོན་ཀྱང་སྨན་ཁང་དེས་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་སྒོར་ཁྲི་108.2ལས་ཕྱིར་སློག་བྱས་མེད།
ཀན་སུའུ་གསོ་རིག་སློབ་གླིང་གི་ཞོར་གཏོགས་སྨན་ཁང(ཕིང་ལེང་གྲོང་ཁྱེར་མི་དམངས་སྨན་ཁང)ལ་ཞིབ་བཤེར་བྱས་པ་བརྒྱུད།གནད་དོན་ཁག་34ཤེས་པ་དང་ཁྲིམས་འགལ་སྒྲིག་འགལ་གྱི་མ་དངུལ་སྒོར་ཁྲི་979.4ཟིན་མོད། འོན་ཀྱང་སྨན་ཁང་དེས་རང་བཤེར་རང་བཅོས་བྱས་ནས་སྨན་བཅོས་འགན་བཅོལ་ཐེབས་རྩ་སྒོར་ཁྲི་87.4ལས་ཕྱིར་སློག་བྱས་མེད།
ཧྲན་ཏུང་ཞིང་ཆེན་ཅི་ནན་མཁལ་ནད་སྨན་ཁང་ལ་ཞིབ་བཤེར་བྱས་པ་བརྒྱུད།གནད་དོན་10ཤེས་པ་དང་ཁྲིམས་འགལ་སྒྲིག་འགལ་གྱི་དངུལ་འབོར་སྒོར་ཁྲི་112.3ཟིན་མོད། འོན་ཀྱང་སྨན་ཁང་དེས་རང་བཤེར་རང་བཅོས་བྱས་ནས་སྨན་བཅོས་འགན་བཅོལ་ཐེབས་རྩའི་དངུལ་གྲངས་ཕྱིར་སློག་གཏན་ནས་བྱས་མེད།
ཧེ་ལུང་ཅང་ཞིང་ཆེན་ཧེ་ཧོ་གྲོང་ཁྱེར་ཝུའུ་ཏ་ལན་ཁྲེ་ཧྥུའུ་ཁང་སྨན་ཁང་ལ་ཞིབ་བཤེར་བྱས་པ་བརྒྱུད།གནད་དོན་25ཤེས་པ་དང་ཁྲིམས་འགལ་སྒྲིག་འགལ་གྱི་མ་དངུལ་སྒོར་ཁྲི་77.9ཟིན་མོད། འོན་ཀྱང་སྨན་ཁང་དེས་རང་བཤེར་རང་བཅོས་བྱས་ནས་སྨན་བཅོས་འགན་བཅོལ་ཐེབས་རྩ་སྒོར་ཁྲི་1.9ལས་ཕྱིར་སློག་བྱས་མེད།
སྨན་ཁང་ཁག་ཅིག་དང་འབྲེལ་བ་ཡོད་པའི་དཔེ་མཚོན་གནད་དོན་ནང་ཚད་གཞི་ལས་བརྒལ་ནས་འགྲོ་གྲོན་བསྡུ་བ་དང་། བྱེད་ཐལ་ཤོར་བ། ཁག་བགོས་ངང་འགྲོ་གྲོན་བསྡུ་བ། འགྲོ་གྲོན་བསྐྱར་ཟློས་ཀྱིས་བསྡུ་བ། རྣམ་གྲངས་བརྗེ་རེས་སོགས་ཚུད་ཡོད།
རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས།ཕྱིས་འབྱུང་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་གི་དམིགས་བཙུགས་སྨན་བཅོས་སྒྲིག་གཞིས་རང་བཤེར་རང་བཅོས་བྱས་ཚུལ་ལ་འཐེན་བཤེར་དང་བསྐྱར་བཤེར་བྱས་ཏེ།རང་བཤེར་རང་བཅོས་གནད་ལ་མི་འཁེལ་བའི་དམིགས་བཙུགས་སྨན་བཅོས་སྒྲིག་གཞི་དང་། ཁྲིམས་འགལ་སྒྲིག་འགལ་གྱི་གནད་དོན་ཞིབ་བཤེར་ཐེངས་མང་བྱས་ཀྱང་བཅོས་སྒྲིག་མི་བྱེད་པའི་དམིགས་བཙུགས་སྨན་བཅོས་སྒྲིག་གཞིར་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་ནན་པོ་བྱ་རྒྱུ་དང་འབྲེལ་ཡོངས་བསྒྲགས་ངང་དམར་འདོན་བྱ་རྒྱུ་ཡིན་ཞེས་བཤད།
འགན་འཁུར་བ་དེས་དམིགས་བཙུགས་སྨན་བཅོས་སྒྲིག་གཞི་ཁག་གིས་མུ་མཐུད་ནས་རང་བཤེར་རང་བཅོས་བྱས་ཏེ།དུས་ཐོག་ཏུ་ཁྲིམས་འགལ་སྒྲིག་འགལ་ངང་སྤྱད་པའི་སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་ཕྱིར་སློག་བྱས་ནས་རང་ངོས་དོ་དམ་གྱི་འགན་འཁྲི་གཙོ་བོ་ལག་ལེན་ཏན་ཏིག་བསྟར་དགོས་ཞེས་བཤད། (ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社