分享按钮

རང་རྒྱལ་གྱི་མི་ཞུགས་ཟླ་བའི་གོ་ལར་བསྐྱོད་པའི་མེ་ཤུགས་འཕུར་མདའི་གཏམ་བཟང་སླར་ཡང་གྲགས་པ།

མེ་ཤུགས་འཕུར་མདའི་སྲུང་ཁེབས་ཀྱི་ ཁ་གྱེས་ཚོད་ལྟ་ལེགས་གྲུབ་བྱུང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན། གསར་འགོད་པར་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པའི་ཁང་དང་པོ་ནས་ཤེས་རྟོགས་བྱུང་གསལ། ཁང་དེས་སྤྱིའི་ཞིབ་བཟོར་དམ་འཛིན་བྱས་པའི་རྒྱང་སྐྱོད་ཨང་བཅུ་པ་རྟགས་ཅན་གྱི་མུ་འབྲེལ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་སྲུང་ཁེབས་ཀྱི་ཁ་གྱེས་ཚོད་ལྟ་ལེགས་གྲུབ་བྱུང་བ་རེད།

རྒྱང་སྐྱོད་ཨང་བཅུ་པ་རྟགས་ཅན་གྱི་མུ་འབྲེལ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ནི་མ་ལག་གཅིག་དང་། བཟོ་དབྱིབས་གཉིས། གྲུབ་ཆ་རིགས་མང་བ་བཅས་ཀྱི་རང་རྒྱལ་གྱི་ཐོན་གསར་པའི་མི་བཞུགས་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཞིག་ཡིན་པ་དང་། དེས་རང་རྒྱལ་གྱི་2030ལོའི་གོང་དུ་མི་བཞུགས་ནས་ཟླ་བའི་གོ་ལའི་ཐོག་བསྐྱོད་པའི་དམིགས་ཚད་མངོན་འགྱུར་ཐུབ་རྒྱུར་རམ་འདེགས་ཐུབ་ནས་འཇིག་རྟེན་འཕུར་སྐྱོད་ཀྱི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་རྒྱུར་འདེགས་སྐྱོར་གལ་ཆེན་ཐུབ་རྒྱུ་རེད།

ད་ཐེངས་ཀྱི་ཚོད་ལྟས་མེ་ཤུགས་འཕུར་མདའི་སྲུང་ཁེབས་ཀྱི་ཁ་གྱེས་པའི་འཆར་འགོད་དང་། མཐུད་སྦྲེལ་གྲུབ་ཆ། ཁ་གྱེས་པའི་ཇུས་གཞི། སྤྱོད་འཐུས་ཆེ་ཤོས་ཀྱི་ཐུམ་སྒྲིལ་སོགས་ལ་དཔྱད་ཞིབ་གང་ལེགས་བྱས་ཡོད། ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པའི་ཁང་དང་པོའི་རིགས་གཅིག་མཁས་ཅན་གྱིས་མེ་ཤུགས་འཕུར་མདའི་སྲུང་ཁེབས་ནི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་འཕེན་གཏོང་བྱེད་པའི་བརྒྱུད་རིམ་ནང་གི་འགག་རྩའི་བྱ་སྤྱོད་ཅིག་ཡིན་པ་དང་། ཚོད་ལྟ་ལམ་ལྷོངས་བྱུང་བ་དེའི་ཐོག་ནས་རྒྱང་སྐྱོད་ཨང་བཅུ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་རབ་དང་རིམ་པའི་ཐོག་མའི་མ་དཔེ་ཞིབ་བཟོའི་ཐད་གོམ་སྟབས་བརྟན་པོ་ཞིག་སྤོས་པ་མཚོན་ཡོད་ཅེས་བཤད།

ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོཊ་པའི་ཁང་དང་པོའི་རིགས་གཅིག་མཁས་ཅན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མེ་ཤུགས་འཕུར་མདའི་སྲུང་ཁེབས་དེ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་འཇིག་རྟེན་འཕུར་སྐྱོད་ཡོ་བྱད་དང་འཕུར་གྲུ་སོགས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ནས་དེས་མྱུར་བགྲོད་རླུང་རྒྱུན་གྱིས་བཟོས་པའི་ཤུགས་རྐྱེན་ངན་པ་སྣ་ཚོགས་མི་ཕོག་པར་བྱེད་ཐུབ། ད་ཐེངས་ཚོད་ལྟ་བྱས་པའི་མེ་ཤུགས་འཕུར་མདའི་སྲུང་ཁེབས་ཀྱི་མཐོ་ཚད་དང་ཚངས་ཐིག་ཆ་སྙོམས་སྨི་5ཡིན་པ་དེ་ནི་གསར་དུ་ཞིབ་བཟོ་བྱས་པའི་མེ་ཤུགས་འཕུར་མདའི་སྲུང་ཁེབས་ཀྱི་གྲུབ་ཆ་ཞིག་ཡིན། དེ་དང་ཆབས་ཅིག་མེ་ཤུགས་འཕུར་མདར་ཚད་བརྒལ་སྒྲ་མེད་ངང་སྦྲེལ་མཐུད་བྱེད་སྟངས་ཐོག་མར་སྤྱད་པ་དེ་སྲོལ་རྒྱུན་གྱི་སྲུང་ཁེབས་དང་བསྡུར་ན་ཁ་གྱེས་ངོས་གཅིག་མང་དུ་བཏང་བ་དང་། སྒྲོག་འགྲོལ་ལྷུ་ཚིགས་དེ་བས་མང་བ། ཁ་གྱེས་ཇུས་གཞི་རྙོག་འཛིང་ཆེ་བ། བློས་འགེལ་ཆོག་པའི་རང་བཞིན་མཐོ་བ་བཅས་ཡོད།

ཚོད་ལྟའི་ཁྲོད། སྲུང་ཁེབས་ཀྱི་སྔོན་ཚུད་དུས་ཚོད་དང་། སྔོན་ཚུད་གཏན་འཁེལ་བྱས་པའི་ཆ་རྐྱེན་འོག་བདེ་བླག་ངང་ཁ་གྱེས་པ་དང་། དཔྱད་གྲངས་ཚང་མ་ཇུས་འགོད་ཀྱི་བླང་བྱ་དང་མཐུན་ལ། ཇུས་འགོད་ཀྱི་ལུགས་མཐུན་རང་བཞིན་དང་མཐུད་ཁའི་མཐུན་སྦྱོར་རང་བཞིན་ར་སྤྲོད་བྱས་ཡོད། གྲུབ་འབྲས་དེས་ཇུས་གཞི་ཧྲིལ་པོའི་བློས་འགེལ་ཆོག་པའི་རང་བཞིན་ར་སྤྲོད་བྱས་པར་མ་ཟད། རྗེས་མའི་ཚོད་ལྟའི་ལས་འགན་ལ་རྩ་ཆེའི་གྲངས་གཞི་མཁོ་འདོན་བྱས་ཡོད། རྗེས་སུ་ད་དུང་སྲུང་ཁེབས་ལ་ཞི་ཤུགས་ཚོད་ལྟ་དང་འཕུར་གྲུའི་ཁེབས་གཡོག་མཉམ་འབྲེལ་འདར་འགུལ་ཚོད་ལྟ་སོགས་ར་སྤྲོད་མང་པོ་བྱ་རྒྱུ་ཡིན་པ་རེད།

མིག་སྔར། རྒྱང་སྐྱོད་ཨང་བཅུ་པ་རྟགས་ཅན་གྱི་རབ་རིམ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི་རིམ་པ་དང་པོའི་སྒུལ་ཤུགས་མ་ལག་ཚོད་ལྟ་སོགས་ཚོད་ལྟ་ཆེ་གྲས་ལེགས་གྲུབ་ཟིན་པ་དང་། ཞིབ་བཟོའི་འཆར་གཞི་གཞིར་བཟུང་། རྗེས་མར་ཚོད་ལྟའི་རྣམ་གྲངས་རབ་དང་རིམ་པ་མུ་མཐུད་སྤེལ་ནས་མ་ལག་ཁག་གི་ཇུས་འགོད་ལ་ཕྱོགས་ཡོངས་ནས་ཞིབ་དཔྱད་ར་སྤྲོད་བྱ་རྒྱུ་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-24 རང་རྒྱལ་གྱི་མི་ཞུགས་ཟླ་བའི་གོ་ལར་བསྐྱོད་པའི་མེ་ཤུགས་འཕུར་མདའི་གཏམ་བཟང་སླར་ཡང་གྲགས་པ། 6 6 拉萨日报藏文 c191575.html 1 མེ་ཤུགས་འཕུར་མདའི་སྲུང་ཁེབས་ཀྱི་ ཁ་གྱེས་ཚོད་ལྟ་ལེགས་གྲུབ་བྱུང་བ། /enpproperty-->