ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དགུན་དུས་སུ་གནམ་གཤིས་སྐམ་ཤས་ཆེ་བས་སར་ལྷུངས་པའི་ལོ་མ་དང་རྩྭ་ངན་ལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལྡན་ཡོད། མེ་སྐྱོན་གྱི་དོན་རྐྱེན་འབྱུང་རྩ་ནས་སྔོན་འགོག་ནུས་ལྡན་བྱས་ཏེ།ཁོངས་གཏོགས་ཁུལ་གྱི་མེ་ཟོན་གྱི་ནུས་པ་ཆེ་རུ་གཏོང་བ་དང་དགུན་དུས་མེ་ཟོན་གྱི་བདེ་འཇགས་དྲ་བ་བརྟན་དུ་གཏོང་ཆེད། ཉེ་ཆར། ཁྲེང་ཀོན་ཆུས་བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་བདུན་གཅིག་སྡེ་ཁུལ་གྱིས་ཏང་ཡོན་གྱི་འབྱོར་ཐོ་འགོད་པ་གཉིས་དང་ཞབས་ཞུ་གཉིས་སྒྲུབ་པ་ཞེས་པའི་རྩྭ་ངན་གཙང་སེལ་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བར་ཁོངས་གཏོགས་ཁུལ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་100ལྷག་ཙམ་ཞུགས་ཡོད་པ་རེད།
བདུན་གཅིག་སྡེ་ཁུལ་གཙང་འགྲམ་ལམ་ཉེ་འགྲམ་གྱི་ས་སྟོང་ཞིག་ཏུ་ཡུན་རིང་རྩྭ་ངན་གྱིས་ཁེངས་པར་བརྟེན་སྡེ་ཁུལ་དེས་སྡེ་ཁུལ་དུ་བཅའ་སྡོད་ལས་དོན་རུ་ཁག་དང་མཉམ་འབྲེལ་ཐོག་ཁོངས་གཏོགས་ཁུལ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་སྐུལ་སློང་ཧུར་ཐག་བྱས་ནས་མཉམ་དུ་རྩྭ་ངན་གཙང་སེལ་བྱས་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་ཚང་མའི་ལས་བགོས་ཁ་གསལ་དང་ངར་ཤུགས་ཆེན་པོ་ཡོད་པ་རེད། ཁོང་ཚོའི་ནང་ནས་ལ་ལས་ལྕགས་ཁྱེམ་གྱིས་རྩྭ་ལྡུམ་བཀོག་པ་དང་། ལ་ལས་ལག་ཏུ་གད་སྙིགས་བླུགས་སྣོད་ཁྱེར་ནས་རྩྭ་ངན་བཀོག་རིགས་ཚང་མ་གད་སྙིགས་བླུག་སྣོད་ནང་བླུགས་པ། ད་དུང་ལ་ལས་ཕྱགས་མས་ས་ངོས་གཙང་ཕྱགས་བྱེད་བཞིན་ཡོད་པ་རེད། ཚང་མས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་རྩྭ་ལྡུམ་གྱིས་ཁེངས་པའི་ས་ངོས་གཙང་ཞིང་བཀོད་པ་ལེགས་པ་ཞིག་ཏུ་གྱུར་ཡོད།
དེ་དང་ཆབས་ཅིག་བདུན་གཅིག་ཁུལ་ཆུང་དུ་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་སྔ་སྣུར་དུ་རྩྭ་ངན་གཙང་སེལ་གྱི་ལས་འགན་ལེགས་སྒྲུབ་བྱས་རྗེས་ཚ་ཚ་འུར་ཙུར་ངང་རྩྭ་ངན་དག་རླངས་འཁོར་ནང་བླུགས་ནས་དབོར་བ་དང་། ཡུལ་དངོས་སུ་སྒྲིག་ལམ་གོ་རིམ་ལྡན་ཞིང་། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་བསལ་ནས་ཁུལ་ཆུང་གི་ཁོར་ཡུག་ཧྲིལ་པོ་ལེགས་སུ་ཕྱིན་པར་མ་ཟད། ད་དུང་གྲོང་མིའི་མེ་ཟོན་གྱི་འདུ་ཤེས་དང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཀྱང་ཟབ་ཏུ་ཕྱིན་ཡོད་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གི་ཏང་ཡོན་ལྷག་པ་དོན་གྲུབ་ཀྱིས་ད་ཐེངས་ཀྱི་རྩྭ་ངན་མེད་པར་བཟོ་བའི་བྱ་སྤྱོད་དེར་དོན་སྙིང་གལ་ཆེན་ལྡན་ཡོད་པ་སྟེ། སྡེ་ཁུལ་གྱི་ཁོར་ཡུག་ལེགས་སུ་ཕྱིན་པར་མ་ཟད། གྲོང་མི་དང་བར་ཐག་སྔར་བས་ཉེ་རུ་ཕྱིན་ཡོད། སླད་ཕྱིན་མུ་མཐུད་བྱེད་སྒོ་དེ་རིགས་ནང་ཞུགས་ནས་སྡེ་ཁུལ་གྱི་ཆེད་དུ་ནུས་ཤུགས་གང་ཡོད་བཏོན་ཏེ།སྡེ་ཁུལ་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཡོང་རྒྱུའི་རེ་བ་ཡོད་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་བདུན་གཅིག་སྡེ་ཁུལ་གྱི་ཏང་ཡོན་གྱི་འབྱོར་ཐོ་གཉིས་འགོད་པ་དང་ཞབས་ཞུ་གཉིས་སྒྲུབ་པའི་རྩྭ་ངན་གཙང་སེལ་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་འདི་ཉིད་གཟའ་འཁོར་གཅིག་རིང་རྒྱུན་མཐུད་ངང་སྤེལ་རྒྱུ་ཡིན་ཞིང་། བྱེད་སྒོ་སྤེལ་བ་དེའི་ཐོག་ནས་བདུན་གཅིག་སྡེ་ཁུལ་གྱི་ཏང་ཡོན་དང་བླངས་པའི་ཞབས་ཞུའི་སྙིང་སྟོབས་དང་འགན་འཁྲི་འཁུར་སེམས་མངོན་པ་དང་། སྡེ་ཁུལ་གྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེ་རུ་ཕྱིན་ནས་དཔེ་སྟོན་གྱི་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད། བདུན་གཅིག་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ལྷག་པ་ཆོས་དབྱངས་ཀྱིས་གསར་འགོད་པར་ང་ཚོའི་སྡེ་ཁུལ་གྱིས་ད་དུང་བྱེད་སྒོ་སྣ་ཚོགས་མུ་མཐུད་སྤེལ་ནས་མེ་ཟོན་བདེ་འཇགས་དང་སྒྲིག་བཀོད་བདེ་འཇགས་སོགས་ལ་དམིགས་ནས་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཁྱོན་ཡོངས་ནས་གྲལ་བཤེར་བྱེད་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ་གྲོང་མིའི་འཚོ་བ་དེ་བས་བློ་བདེ་བ་དང་སྐྱིད་སྣང་དོད་པའི་ངང་སྐྱེལ་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།
ཕྱིས་འབྱུང་།ཁྲེང་ཀོན་ཆུས་བདུན་གཅིག་སྡེ་ཁུལ་གྱིས་གྲོང་མི་དང་འབྲེལ་གཏུགས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཁོང་ཚོའི་བསམ་འཆར་དང་གྲོས་འགོ་ཉན་པ་དང་། དང་བླངས་ཞབས་ཞུའི་བྱེད་སྒོའི་ནང་དོན་དང་རྣམ་པ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། གྲོང་མིར་དེ་བས་སྙིང་ཉེ་བའི་ཞབས་ཞུ་གང་ལེགས་སྒྲུབ་པ། དང་བླངས་ཞབས་ཞུའི་རྣམ་པ་འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་བཅས་བྱས་ནས་གྲོང་མི་དེ་བས་མང་བ་དང་བླངས་ཞབས་ཞུའི་ནང་ཞུགས་རྒྱུར་སྐུལ་ལྕག་བྱས་ཏེ། ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྲུན་ཆེད་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
པར་འདི་ནི་ཁྲེང་ཀོན་ཆུས་བདུན་གཅིག་སྡེ་ཁུལ་ཁོངས་གཏོགས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་རྩྭ་ངན་གཙང་སེལ་བྱེད་པའི་རྣམ་པ་ཡིན།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社