分享按钮

རང་གྲོང་གི་གྲོང་དོན་གཞུང་ལམ་སྔོ་འགྱུར་རིམ་སྤོར་དང་སྒྱུར་བཀོད་ལས་གྲྭར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ།

(པར་ངོས་དང་པོར་མཐུད)ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་སྔོ་འགྱུར་རིམ་སྤོར་སྒྱུར་བཀོད་ལས་གྲྭ་དེ་ལྷ་སའི་ལོ་རྒྱུས་གྲོང་ཁུལ་གྱི་སྤྱི་ལེ་ངོས་གྲུ་6.74ལ་ཁྱབ་པ་དང་། གཞུང་ལམ་19དང་འབྲེལ་བ་ཡོད་ཅིང་། སྤྱིའི་རིང་ཚད་སྤྱི་ལེ་26.59ཟིན་པ་དང་། སྒྱུར་བཀོད་བྱས་པའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་10.99ཟིན་པ། ཁྱོན་མ་དངུལ་སྒོར་དུང་ཕྱུར་1.3བཏང་ཡོད། རྣམ་གྲངས་དེས་ཕྱོགས་བཞི་མཚམས་བརྒྱད་ནས་སྔོ་ལྗང་དུ་འགྱུར་བ་དང་། ཁྲོམ་གཞུང་རེ་ལ་ཡུལ་ལྗོངས་རེ་ཡོད་པ། དུས་བཞི་སྔོ་ལྗང་དུ་གནས་པ། ཡུལ་གྱི་རྩི་ཤིང་འཛུགས་པ། སྤྱི་གླིང་ཆུང་བ་བསྐྲུན་པ། གྱང་བཤིག་ནས་སྔོན་ལྗང་མངོན་པ། རྩི་ཤིང་དང་རྫིང་བུ་མཛེས་སུ་གཏོང་བ་བཅས་ཀྱི་སྒྱུར་བཀོད་ཐབས་ཇུས་ཆེན་པོ་བདུན་གཙོ་རྐང་དུ་བྱས་ནས། ཡུལ་བབ་དང་བསྟུན་པ་དང་འཆར་འགོད་ཞིབ་ཚགས་བྱས་པ་བརྒྱུད་ཁྲོམ་གཞུང་ཚང་མར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་སྔོ་ལྗང་ཅན་གྱི་མཛེས་ལྗོངས་བཏོད་པ་དང་ཡུལ་འདི་གའི་ཁྱད་ཆོས་ལྡན་པའི་འབྱུང་ཁམས་ཁོར་ཡུག་གཏོད་བཞིན་ཡོད།

གྲོང་ཁྱེར་ནགས་ལས་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལུའུ་ལི་ཧྥང་གིས་མིག་སྔར། ལས་གྲྭའི་སྤྱིའི་འཕེལ་རིམ་གྱི་བརྒྱ་ཆ་87ཙམ་ལེཊ་གྲུབ་བྱུང་བའི་ནང་ཨར་ལས་བཟོ་སྐྲུན་གྱི་ལས་གྲྭ་བརྒྱ་ཆ་91ལེཊ་གྲུབ་བྱུང་བ་དང་ལས་དོན་ཁག་གོ་རིམ་ལྡན་པའི་ངང་མཇུག་བསྡུ་བཞིན་ཡོད། ཁྲོམ་གཞུང་གཅིག་ལ་་ཨར་ལས་ཀྱི་ས་ཁྲ་གཅིག་ཇུས་འགོད་བྱེད་པའི་བསམ་གཞི་ལྟར་རྣམ་གྲངས་དེར་ཚན་རིག་དང་མཐུན་པའི་འཆར་འགོད་དང་གནད་སྨིན་ཇུས་འདོན་བྱས་པ་བརྒྱུད་རྩི་ཤིང་རིགས་90ལྷག་ཙམ་འདེབས་འཛུགས་བྱས་པ་དེ་དག་སྔོ་ལྗང་རྩི་ཤིང་སྡོང་རྐང་ཁྲི་380ཙམ་ལ་ཁྱབ་ཡོད། ལྷག་པར་དུ་ལོ་རྒྱུས་གྲོང་ཁུལ་གྱི་གལ་ཆེའི་ལམ་དུམ་སྟེ། པེ་ཅིང་ཤར་ལམ་དང་བཅིངས་འགྲོལ་དཀྱིལ་ལམ་སོགས་སུ་རྒྱ་སེའི་མེ་ཏོག་དང་ཧའེ་ཐང་མེ་ཏོག་སོགས་སྤྱན་གཟིགས་རང་བཞིན་གྱི་རྩི་ཤིང་རིགས་གཞི་ཁྱོན་ཆེན་པོས་བཙུགས་ནས་ཁྲོམ་གཞུང་ལ་ཡུལ་ལྗོངས་ཡོད་པ་དང་ཡུལ་ལྗོངས་ལ་སྤུས་ཚད་ཡོད་པའི་ཕན་འབྲས་ཐོན་པར་བྱེད་ཀྱི་ཡོད།

དེ་ཡང་སྔོ་འགྱུར་གྱི་ཕན་འབྲས་འགན་ལེན་བྱས་ནས་དགུན་དུས་ཀྱི་ཨར་སྐྲུན་ལ་ལྷོད་གཡེང་གཏོང་གི་མེད་ཅིང་། སྔོ་འགྱུར་གྱི་ཕན་འབྲས་ལ་དུས་ཚིགས་ཀྱི་ཤུགས་རྐྱེན་མི་ཐེབས་པའི་འགན་ལེན་བྱ་ཆེད། ཨར་སྐྲུན་བྱེད་མཁན་ཕྱོགས་ཀྱིས་དགུན་དུས་ཀྱི་དྲོད་སྲུང་བྱ་ཐབས་སྣ་ཚོགས་སྤྱད་པ་དང་། ལྷག་པར་དུ་ལོ་མ་ཟགས་པ་ཅུང་སྔ་བ་དང་གྲང་འགོག་གི་བྱ་ཐབས་ཅུང་མཐོ་བ་སྤྱོད་དགོས་པའི་རྩི་ཤིང་རིགས་ལ་དམིགས་ནས་དྲོད་སྲུང་གི་ལས་དོན་སྤེལ་འགོ་བཙུགས་ཡོད། ལྷ་ས་གནས་མཆོག་འབྱུང་ཁམས་སྐྱེད་ཚལ་འཛུགས་སྐྲུན་མ་འཇོག་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་ཞན་ཞུང་ཆང་གིས་འདི་ལོའི་དགུན་དུས་སུ་ང་ཚོས་རྩི་ཤིང་རིགས་ཚང་མར་དགུན་དུས་དྲོད་སྲུང་གི་བྱ་ཐབས་སྤྱོད་རྒྱུ་ཡིན་ཞིང་། ཟླ་12པའི་ནང་གྲང་འགོག་བྱ་ཐབས་ཡོངས་རྫོགས་སྤྱད་ཚར་རྒྱུ་ཡིན་པས། སང་ལོའི་དཔྱིད་ཀ་ཤར་སྐབས། མེ་ཏོག་བཞད་པའི་རྩི་ཤིང་རིགས་ཚང་མར་མེ་ཏོག་མཉམ་དུ་བཞད་ནས། སྔར་ལས་ལྷག་པའི་སྒོ་ནས་སྤྱན་གཟིཊ་གི་ཁོར་ཡུག་བཟང་པོ་བཏོད་དེ་ཡུལ་མིའི་སྤྲོ་གསེང་ཉམས་ལེན་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་བཤད།

ཨར་སྐྲུན་གྱི་སྤུས་ཚད་དང་རྩི་ཤིང་གསོན་ཚད་འགན་ལེན་བྱ་ཆེད། རྣམ་གྲངས་ཁྲོད་ད་དུང་ལག་རྩལ་གསར་པ་སྤྱད་ཡོད་པ་དཔེར་ན། མཐོ་གནས་མེ་ཏོག་རྫིང་བུའི་འཛུགས་སྐྲུན་ཁྲོད་ཨར་ལས་ཕྱོགས་ཀྱིས་ཇུས་འགོད་ཀྱི་ཚད་གཞི་གཞིར་བཟུང་སྔོག་འདོན་གཏིང་ཟབ་བྱེད་པ་དང་། ས་རྒྱུ་བརྟན་དུ་གཏོང་བ་དང་འབྲེལ། ཨར་འདམ་གྱི་གདན་ལ་ལུགས་བརྒྱབ་ནས་ས་རྒྱུའི་གཏན་འཇགས་རང་བཞིན་འགན་ལེན་བྱས་ཏེ། རྩི་ཤིང་ལ་སྐྱེ་འཚར་གྱི་ཆ་རྐྱེན་བཟང་པོ་མཁོ་འདོན་བྱེད་ཀྱི་ཡོད་པ་རེད།

ལྷ་སའི་གནས་མཆོག་འབྱུང་ཁམས་སྐྱེད་ཚལ་མ་འཇོག་འཛུགས་སྐྲུན་ཀུང་སིའི་རྣམ་གྲངས་ཀྱི་སྤྱི་གཉེར་པན་ཅི་ལེང་གིས་འཆར་འགོད་ཀྱི་བླང་བྱ་གཞིར་བཟུང་། མཐོ་གནས་མེ་ཏོག་རྫིང་བུར་ས་རྐོ་བའི་གཏིང་ཚད་ལི་སྨི་85ཟིན་པ་དང་འབྲེལ། ས་བཀབ་པ་དང་ས་བརྟན་དུ་གཏོང་བ་དང་། ཨར་འདམ་གྱི་རྩིཊ་གདན་ལུགས་རྒྱག་པ། དེ་རྗེས་གྱང་གཙོ་བོ་དང་མཐོ་གནས་མེ་ཏོག་རྣམ་པའི་གྱང་བརྩིགས་ཡོད། མེ་ཏོག་རྫིང་བུའི་ནང་གི་སའི་གཏིང་ཚད་ལ་ལི་སྨི་75ནས་85བར་ཟིན་ནས་རྩི་ཤིང་གསོན་ཚད་འགན་ལེན་བྱས་ཡོད་ཅེས་བཤད།

སྤུས་ཚད་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་དུས་བཀག་ལྟར་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད་ཅིང་། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ལ་སྐུལ་འདེད་གཏོང་བའི་ལས་འགན་གཙོ་བོ་ཞིག་ཡིན་པའི་ངོས་ནས། ལོ་རྒྱུས་གྲོང་ཁུལ་གྱི་སྔོ་འགྱུར་རིམ་སྤོར་དང་སྒྱུར་བཀོད་ལས་གྲྭས་གྲོང་མིར་དེ་བས་ཡིད་དུ་འོང་བའི་འཚོ་བའི་ཁོར་ཡུག་དང་སོས་དལ་གྱི་བར་མཐོངས་གཏོད་རྒྱུ་རེད། ལས་གྲྭའི་སྤུས་ཚད་དང་འཕེལ་རིམ་འགན་ལེན་བྱ་ཆེད། རྣམ་གྲངས་ཚོགས་པས་ལས་ཡུན་ལྡོག་སྒྲིག་བྱས་ནས་ཨར་ལས་ཀྱི་ལྷུ་ཚིགས་ཁག་ཚོད་འཛིན་ནན་པོ་བྱས་ཡོད། རྗེས་མཐུད་ལས་གྲྭའི་འཕེལ་རིམ་ལ་གཞིགས་ནས། རྣམ་གྲངས་ཚང་མ་དུས་ཐོག་ཏུ་ལེགས་གྲུབ་ཟིན་པར་བྱ་རྒྱུ་མ་ཟད། རྒྱུན་གཏན་གྱི་སྲུང་སྐྱོང་ཁྲོད་སྔོ་འགྱུར་གྱི་ཕན་འབྲས་བཟང་པོ་རྒྱུན་འཁྱོངས་ཐུབ་པར་བྱ་རྒྱུ་ཡིན་པ་རེད།

ལས་གྲྭར་སྐུལ་འདེད་བཏང་བ་དང་ཆབས་ཅིག་ལྷ་ས་གྲོང་ཁྱེར་གྱི་ལོ་རྒྱུས་གྲོང་ཁུལ་གྱི་སྔོ་འགྱུར་རྣམ་པ་ཉིན་བཞིན་ལེགས་སུ་འགྲོ་བ་དང་གྲོང་མིའི་འཚོ་བའི་ཁོར་ཡུག་ཀྱང་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད། ད་ཐེངས་ཀྱི་སྔོ་འགྱུར་རིམ་སྤོར་སྒྱུར་བཀོད་ལས་གྲྭས་ཁོར་ཡུག་མཛེས་སུ་ཕྱིན་པར་མ་ཟད། ད་དུང་གྲོང་མིར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་གྱི་མཛེས་ལྗོངས་ཀྱང་བཏོད་ཡོད་པ་རེད།

ལུའུ་ལི་ཧྥང་གིས་རྣམ་གྲངས་ལ་སྐུལ་འདེད་གཏོང་བ་དང་ཆབས་ཅིག་ང་ཚོས་སྔོ་ལྗང་མཛེས་ལྗོངས་དེ་དག་བཏོད་པ་བརྒྱུད་ལྷ་སའི་ལོ་རྒྱུས་གྲོང་ཁུལ་གྱི་རྣམ་པར་གསར་པར་འགྱུར་བ་བྱ་རྒྱུ་ཡིན། ང་ཚོས་ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་རྒྱུན་འཁྱོངས་བྱས་ནས། ལས་གྲྭའི་སྤུས་ཚད་འགན་ལེན་གྱིས་གནས་སྡོད་དང་ཡུལ་སྐོར་ལ་འཚམ་པའི་གྲོང་ཁུལ་དུ་སྔོ་ལྗང་གིས་ཁེངས་པའི་མཛེས་སྡུག་ལྡན་པའི་ལྷ་ས་གསར་པ་ཞིག་གཏོད་རྒྱུ་ཡིན་ཞེས་བཤད།

ལྷ་ས་གྲོང་ཁྱེར་གྱི་གྲོང་དོན་གཞུང་ལམ་སྔོ་འགྱུར་རིམ་སྤོར་དང་སྒྱུར་བཀོད་ལས་གྲྭ་དེ་སང་ལོའི་དཔྱིད་ཀར་ཁྱོན་ཡོངས་ནས་ལས་མཇུག་འགྲིལ་རྒྱུ་ཡིན་པས། སྐབས་དེར་ལྷ་སར་དེ་བས་མཛེས་སྡུག་ལྡན་ལ་ཡིད་དུ་འོང་བའི་སྔོ་ལྗང་མཛེས་ལྗོངས་མངོན་རྒྱུ་དང་གྲོང་མི་ཚོས་འབྱུང་ཁམས་ཀྱི་གྲུབ་འབྲས་དེ་ལོངས་སུ་སྤྱོད་ཐུབ་རྒྱུ་རེད།(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-24 6 6 拉萨日报藏文 c191563.html 1 རང་གྲོང་གི་གྲོང་དོན་གཞུང་ལམ་སྔོ་འགྱུར་རིམ་སྤོར་དང་སྒྱུར་བཀོད་ལས་གྲྭར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ། /enpproperty-->