ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་པ་གྲོང་རྡལ་ཐོན་མདའ་གྲོང་ཚོ་ནི་གཟིམ་སྤོས་ཀྱི་འབྱུང་ཁུངས་སུ་གྲགས་ཤིང་། འདི་གར་ལོ་རྒྱུས་ཡུན་རིང་ལྡན་པའི་གཟིམ་སྤོས་བཟོ་སྟངས་ཀྱི་ལག་རྩལ་དར་ཡོད། སྙེ་མོའི་གཟིམ་སྤོས་ནི་དམིགས་བསལ་གྱི་དྲི་ཞིམ་དང་སྨན་ནུས་ཀྱི་རིན་ཐང་ལྡན་པ་ཞིག་ཡིན་ལ། དེའི་བཟོ་སྟངས་ནི་ཧ་ཅང་རྙོག་འཛིང་ཆེ་བ་ཞིག་ཡིན། དེར་རྒྱུ་ཆ་འདེམས་པ་དང་། སྡེབ་སྦྱོར། སྣུར་བ། སྐམ་པ་སོགས་ཀྱི་ལས་རིམ་མང་པོ་བརྒྱུད་དགོས་ཤིང་།དེའི་ནང་དུ་ཙན་དན་དང་། ཁ་ཆེ་ཤ་སྐམ། རྩྭ་རྩེ་ཤིང་སོགས་སྨན་རྫས་རྩ་ཆེན་མང་པོ་ཡོད། 2008ལོར་སྙེ་མོའི་གཟིམ་སྤོས་བཟོ་བའི་ལག་རྩལ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་དང་། བསྟན་འཛིན་ཆོས་གྲགས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་གྱུར་ནས། མངོན་མིན་རིག་གནས་ཤུལ་བཞག་གི་ལས་གཏོད་ལམ་བུའི་ཐོག་སྐྱོད་འགོ་ཚུགས་ཡོད།
བསྟན་འཛིན་ཆོས་གྲགས་ནི་སྙེ་མོ་རྫོང་དུ་ལྟེ་ཁྲག་འཕོས་ཤིང་། ཆུང་དུས་ནས་གཟིམ་སྤོས་རིག་གནས་ཀྱི་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད། ཁོང་བྱིས་པའི་དུས་སུ་གཟིམ་སྤོས་བཟོ་རྒྱུར་ཧ་ཅང་མཉེས་པོ་ཡོད་ཅིང་། ལོ་11ནས་བཟུང་། སྙེ་མོའི་གཟིམ་སྤོས་ལག་རྩལ་པ་རྒྱལ་དགའ་ལགས་དང་སྲས་ལྷ་གཉིས་དགེ་རྒན་དུ་བསྟེན་ནས་གཟིམ་སྤོས་བཟོ་སྟངས་སྦྱངས་པ་དང་། 2005ལོར་བསྟན་འཛིན་ཆོས་གྲགས་ཀྱིས་ལྷ་སར་སྙེ་མོའི་གཟིམ་སྤོས་བཟོ་ཁང་ཞིག་བཙུགས་ནས། ཁོང་གི་མངོན་མིན་རིག་གནས་ཤུལ་བཞག་གི་ལས་གཏོད་ལམ་བུ་བཏོད་ཡོད།
བསྟན་འཛིན་ཆོས་གྲགས་ཀྱིས། གཟིམ་སྤོས་བཟོ་བའི་ལག་རྩལ་ལ་ད་ཆ་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཞིག་ཡིན་པའི་ངོས་ནས། གཙོ་བོ་མངོན་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་ཀྱི་ཡོད་ཅེས་བཤད།
སྙེ་མོའི་གཟིམ་སྤོས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད་མོད། འོན་ཀྱང་། ཁྲོམ་རའི་ཐོག་དམིགས་བསལ་གྱི་ཚོང་རྟགས་ཤིག་མེད། བསྟན་འཛིན་ཆོས་གྲགས་ཀྱིས་ད་ཆའི་གནས་བབ་དེར་འགྱུར་ལྡོག་གཏོང་རྒྱུའི་སེམས་ཐག་བཅད་པ་དང་། ཁོང་གིས་ལོ་ཤས་རིང་འཚོལ་ཞིབ་དང་འབད་བརྩོན་བྱས་པ་བརྒྱུད། སྙེ་མོའི་གནའ་སྤོས་དང་གངས་ལྗོངས་ཁམས་བཟང་ཞེས་པའི་ཚོང་རྟགས་ཆེན་པོ་གཉིས་བཏོད་ཡོད། ཚོང་རྟགས་དེ་གཉིས་ཀྱིས་སྲོལ་རྒྱུན་གྱི་བཟོ་རྩལ་རྒྱུན་འཛིན་ཐུབ་པར་མ་ཟད། ད་དུང་ཐུམ་སྒྲིལ་རྒྱག་སྟངས་དང་ཁྱབ་གདལ་གཏོང་སྟངས་ཐད་དེང་རབས་ཅན་གྱི་བྱ་ཐབས་སྤྱད་ནས་ལེགས་བཅོས་བྱས་པས། སྙེ་མོའི་གཟིམ་སྤོས་ཁྲོམ་རའི་ཐོག་འབུར་དུ་ཐོན་ཡོད། མིག་སྔར་བསྟན་འཛིན་ཆོས་གྲགས་ཀྱིས་བཙུགས་པའི་གཟིམ་སྤོས་བཟོ་གྲྭ་དེ་ནི་ས་གནས་དེ་གའི་གཞི་ཁྱོན་ཆེ་ཤོས་ཀྱི་དམངས་གཉེར་གཟིམ་སྤོས་བཟོ་གྲྭ་ཞིག་ཡིན་པ་དང་། ཐོན་རྫས་ཀྱི་རྒྱུ་ཆ་དང་སྤུས་ཚད་ཡག་པོ་ཡོད་པར་བརྟེན་རྒྱལ་ཁབ་ཕྱི་ནང་དུ་བྲིན་ཁ་རྒྱུག་པོ་ཡོད། འོན་ཀྱང་ཁྲོམ་རའི་འགྲན་རྩོད་ཆེན་པོའི་ཁྲོད་དུ་བསྟན་འཛིན་ཆོས་གྲགས་ལྟ་བུའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པར་འགྲན་སློང་གསར་པ་འཕྲད་ཀྱི་ཡོད། བསྟན་འཛིན་ཆོས་གྲགས་ཀྱིས། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་མང་པོ་ཞིག་གིས་ཇི་ལྟར་བྱས་ནས་དེང་རབས་ཁེ་ལས་འཕེལ་རྒྱས་གཏོང་ཚུལ་གསལ་པོ་མི་ཤེས་པ་དང་། ཚོང་རྟགས་གཏོད་པའི་ཐད་རྒྱུས་མངའ་དེ་ཙམ་མེད་པའི་དབང་གིས་ཐོན་རྫས་ཕྱིར་ཚོང་གི་ནུས་པ་ཞན་དུ་ཕྱིན་ཡོད། སླད་ཕྱིན།ཁེ་ལས་གཉེར་སྐྱོང་གི་གསོ་སྦྱོང་དང་སློབ་སྦྱོང་སྤེལ་རེས་ནང་དེ་བས་མང་བ་ཞུགས་ནས་ཚོང་རྟགས་ཀྱི་ཤུགས་རྐྱེན་ནུས་པ་ཆེ་རུ་བཏང་སྟེ། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་དེ་བས་ལེགས་པ་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད།
རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཡིན་པའི་བསྟན་འཛིན་ཆོས་གྲགས་ཀྱིས་ཐོན་རྫས་ཀྱི་རིམ་པ་མཐོ་རུ་གཏོང་རྒྱུར་གཞོལ་བར་མ་ཟད། སྙེ་མོའི་གཟིམ་སྤོས་རིག་གནས་དྲིལ་བསྒྲགས་དང་ཁྱབ་གདལ་དུ་གཏོང་བའི་ཐད་ལའང་འབད་བརྩོན་བྱེད་བཞིན་ཡོད། ལོ་མང་རིང་། ཁོང་གིས་སྙེ་མོ་རྫོང་སློབ་འབྲིང་གི་སློབ་མར་གཟིམ་སྤོས་བཟོ་སྟངས་བསླབས་པར་མ་ཟད།རང་ཉིད་ངོ་མས་གཟིམ་སྤོས་ཀྱི་ལོ་རྒྱུས་དང་། བཟོ་རྩལ། རིག་གནས་ཀྱི་རིན་ཐང་བཅས་འགྲེལ་བཤད་བརྒྱབ་ནས་མངོན་མིན་རིག་གནས་ཤུལ་བཞག་གི་རིག་གནས་སློབ་གྲྭའི་ནང་དར་སྤེལ་བཏང་ཡོད། དེ་དང་ཆབས་ཅིག ཁོང་གིས་ད་དུང་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་གཞན་དག་འཕེལ་རྒྱས་དང་སྲུང་སྐྱོང་ལ་སྐུལ་འདེད་ཧུར་ཐག་བཏང་ཞིང་། 2021ལོར་བསྟན་འཛིན་ཆོས་གྲགས་ཀྱིས་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ལྟ་ཀློག་བྱེད་སྐབས། སྙེ་མོའི་ཕུག་ནས་དཀར་མོའི་གསོལ་ཞིབ་བཟོ་རྩལ་ནི་སྲོལ་རྒྱུན་རིག་གནས་ཀྱི་ཁོངས་སུ་གཏོགས་པ་ཤེས་རྟོགས་བྱུང་བ་དང་། ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱ་ཆེད་ཁོང་གིས་མ་དངུལ་སྒོར་ཁྲི་700ལྷག་ཙམ་བཏང་ནས་ས་གནས་དེ་གའི་མང་ཚོགས་དང་མཉམ་དུ་སྙེ་མོའི་ཕུག་ནས་དཀར་མོའི་གསོལ་ཞིབ་བཟོ་གྲྭ་བཙུགས་ཏེ། མང་ཚོགས་དེ་བས་མང་བ་ཞིག་མངོན་མིན་རིག་གནས་ཤུལ་བཞག་ལ་བརྟེན་ནས་ཕྱུག་འགྱུར་ཡོང་བར་བྱས་ཡོད།
བསྟན་འཛིན་ཆོས་གྲགས་ནི་གཟིམ་སྤོས་ལ་དགའ་ཞེན་ཆེན་པོ་ཡོད་པའི་དབང་གིས་གཟིམ་སྤོས་བཟོ་བའི་ལམ་བུར་བསྐྱོད་ཅིང་། ཁོང་གིས་རང་ཉིད་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཞིག་ཡིན་པའི་འགན་འཁྲི་གསོན་ཉམས་དོད་པོས་གསལ་བཤད་བྱས་ཡོད། ཁོང་གིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། སྙེ་མོའི་གཟིམ་སྤོས་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་མཆོག་ནོར་དེ་མི་དེ་བས་མང་བས་ཤེས་རྟོགས་དང་ངོས་འཛིན་ཐུབ་པར་མ་ཟད། ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ནས་མང་ཚོགས་མང་པོ་ཕྱུག་པོའི་ལམ་དུ་སྐྱོད་པའི་ལམ་བུ་ཞིག་བཏོད་ཡོད།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社