分享按钮

(པར་ངོས་དང་པོར་མཐུད)གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་དང་མི་ཐབས་རིག་ནུས་ཀྱི་གོ་ལ་ཧྲིལ་པོ་བཅོས་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།

ཕྱོགས་གཉིས་པོས་ཡུག་རེན་གྱི་ཉམས་ཉེན་ཐད་ལྟ་ཚུལ་བརྗེ་རེས་གནང་བ་རེད། ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན།ཀྲུང་གོ་ཕྱོགས་ཀྱིས་ཡུག་རེན་གྱི་ཉམས་ཉེན་གནད་དོན་ཐད་འཛིན་པའི་ལངས་ཕྱོགས་ཐོག་མཐའ་བར་གསུམ་དུ་སྔར་ལྟར་ཡིན། གདོང་ཐུག་གི་དུས་བབ་ཞི་ལྷོད་དུ་གཏོང་རྒྱུའི་རེ་བ་བྱེད་པ་ལས་ཉམས་ཉེན་ཕྱིར་ཁྱབ་པ་དང་དམག་འཁྲུག་ཆེ་རུ་འགྲོ་བ་མཐོང་འདོད་མེད་པར། མུ་མཐུད་རང་ཉིད་ཀྱི་བྱེད་སྟངས་ཐོག་ནས་དམག་མཚམས་འཇོག་རྒྱུར་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུ་ཡིན།

ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཛོམས་ནང་ཞུགས་པ་རེད།

ཤིན་ཧྭ་གསར་འགྱུར་ཁང་ལི་ཡུའེ་རེ་ནེ་ལུའུ་ནས་ཟླ་11ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་19ཉིན་གྱི་སྔ་དྲོ།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལི་ཡུའེ་རེ་ནེ་ལུའུ་རུ་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་རིང་པོ་ལི་ཝེ་ཡའི་སྲིད་འཛིན་ཨའར་སེ་དང་མཇལ་འཛོམས་གནང་བ་རེད།

ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་དོན།ཀྲུང་གོ་དང་པོ་ལི་ཝེ་ཡ་ནི་གྲོགས་པོ་ཡག་པོ་དང་སྤུན་ཟླ་ཡག་པོ་ཞིག་རེད། ཉེ་བའི་ལོ་ཤས་རིང་།རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ནས་ཕྱོགས་གཉིས་པོས་ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ།རྒྱུད་གཅིག་ལམ་གཅིག་མཉམ་དུ་བསྐྲུན་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད།ཀྲུང་གོ་ཕྱོགས་ཀྱིས་པོ་ལི་ཝེ་ཡ་ཕྱོགས་ཀྱིས་རང་ཚུགས་རང་བདག་ངང་རྒྱལ་ཁབ་དེ་གའི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཕྱི་ལོ་ཀྲུང་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་40འཁོར་བ་དེ་གོ་སྐབས་སུ་བརྩིས་ནས་པོ་ལི་ཝེ་ཡ་ཕྱོགས་དང་སྲོལ་རྒྱུན་མཛའ་གྲོགས་དར་སྤེལ་དང་། འཐབ་ཇུས་ཀྱི་ཕན་ཚུན་ཡིད་ཆེས་ཟབ་ཏུ་གཏོང་བ། གཉིས་ཕན་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ།ཀྲུང་པོའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྣེ་ཁྲིད་བྱེད་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན།ཕྱོགས་གཉིས་པོས་སྲིད་གཞུང་དང་། ཁྲིམས་འཛུགས་སྒྲིག་གཞི། སྲིད་ཏང་། ས་གནས་བཅས་ཀྱི་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་རྒྱལ་སྐྱོང་སྲིད་གཉེར་གྱི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱས་ཏེ།རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་དེ་པོ་ལི་ཝེ་ཡའི་2025ལོའི་འཕེལ་རྒྱས་ཀྱི་འཆར་འགོད་དང་སྦྲེལ་མཐུད་བྱས་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ས་མཐོའི་ཞིང་ལས། འབྱུང་འཕྲོད་འཕེལ་རྒྱས། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེ་རུ་གཏོང་བ་དང་།མཉམ་འབྲེལ་རྒྱལ་ཚོགས་དང་འབོ་གསེར་རྒྱལ་ཁབ་སོགས་ཕྱོགས་མང་ལམ་སྲོལ་གྱི་མཉམ་ལས་གཏིང་ཟབ་བྱས་ཏེ།གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་མཐུན་སྒྲིལ་རང་འབད་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ལ་ཏིང་མེ་གླིང་ས་ཁུལ་གྱི་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ནས་པོ་ལི་ཝེ་ཡ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གླེང་སྟེགས་ལམ་སྲོལ་འཛུགས་རྒྱུར་ཤུགས་སྣོན་རྒྱག་འདོད་ཡོད།

ཨའར་སའེ་ཡིས་པའོ་ཀྲུང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་ཟབ་མོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་པོ་ལི་ཝེ་ཡའི་ཏོག་གསར་གློ་ཚད་ལས་རྣམ་པར་རྒྱལ་རྒྱུར་རོགས་རམ་བྱས་པར་པོ་ལི་ཝེ་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ནས་པོ་ལི་ཝེ་ཡ་སོགས་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་དཔྱད་གཞི་དང་མཛུབ་ཁྲིད་གལ་ཆེན་མཁོ་འདོན་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ཆར་ཕེ་རུའི་ཆན་ཁའེ་གྲུ་ཁར་གྲུ་ཁ་གཉེར་བར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། པོ་ལི་ཝེ་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཐུན་མོང་ཐོག་སང་ལོའི་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་ལོ་40འཁོར་བར་རྟེན་འབྲེལ་ཞུས་ཏེ་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། པོ་ལི་ཝེ་ཡའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དམངས་ལ་བདེ་སྐྱིད་བསྐྲུན་པ་བཅས་བྱེད་འདོད་ཡོད། པོ་ལི་ཝེ་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབོ་གསེར་རྒྱལ་ཁབ་དང་ཀྲུང་གོ་དང་ལ་ཏིང་མེ་གླིང་གླེང་སྟེགས་སོགས་ཕྱོགས་མང་ལམ་སྲོལ་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།

ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཛོམས་ནང་ཞུགས་པ་རེད།

ཤིན་ཧྭ་གསར་འགྱུར་ཁང་ལི་ཡུའེ་རེ་ནེ་ལུའུ་ནས་ཟླ་11ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་19ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལི་ཡུའེ་རེ་ནེ་ལུའུ་རུ་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་རིང་ཨ་ཀེན་ཐིན་གྱི་སྲིད་འཛིན་སྨི་ལའེ་དང་མཇལ་འཛོམས་གནང་བ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཨའི་དབར་ཕྱི་འབྲེལ་བཙུགས་ནས་དུས་རབས་ཕྱེད་ཀ་ལྷག་ཙམ་སོང་ཚུན། ཕྱོགས་གཉིས་པོས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཉིས་ཁེ་གཉིས་ཕན་བཅས་མཐའ་འཁྱོངས་བྱས་ཡོད། ཀྲུང་གོས་ཨ་ཀེན་ཐིན་ལ་འཛིན་པའི་སྲིད་ཇུས་ཐོག་མཐའ་བར་གསུམ་དུ་ཨ་ཀེན་ཐིན་གྱི་མི་དམངས་ཡོངས་ལ་ཕྱོགས་ནས་ཀྲུང་གོ་དང་ཨ་ཀེན་ཐིན་མཉམ་ལས་བྱས་པ་དེས་མི་དམངས་ཡོངས་ལ་བདེ་སྐྱིད་བསྐྲུན་ཡོད། འདི་ལོ་ནི་ཀྲུང་ཨའི་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་10འཁོར་བའི་ལོ་ཞིག་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་སྔ་མཐུད་ཕྱི་སྐྱོང་དང་སྔ་འཛིན་ཕྱི་གཏོད་ཀྱི་མཚམས་ཚིགས་གལ་ཆེན་ཞིག་ཏུ་གནས་ཡོད། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སྲོལ་རྒྱུན་མཛའ་གྲོགས་ལ་གཅེས་འཛིན་བྱེད་པ་དང་། ཨ་ཀེན་ཐིན་ཕྱོགས་ཀྱིས་སྒྱུར་བཅོས་བྱས་པ་བརྒྱུད་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། ཨ་ཀེན་ཐིན་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨ་ཀེན་ཐིན་ཕྱོགས་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཡུན་རིང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རང་རང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། དེང་སྐབས་འཛམ་གླིང་གི་དུས་བབ་ལ་འགྱུར་ལྡོག་གཏིང་ཟབ་འགྲོ་བཞིན་ཡོད་པས་ཀྲུང་ཨ་ཕྱོགས་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་མུ་མཐུད་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་དང་། རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་འགྲོ་འོང་ཟབ་ཏུ་གཏོང་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཀྲུང་ཨའི་མཛའ་གྲོགས་སྔར་བས་མི་སེམས་སུ་གཏིང་ཟབ་ཟུག་ཐུབ་པར་བྱེད་དགོས། ཀྲུང་གོ་དང་ཨ་ཀེན་ཐིན་གྱི་དཔལ་འབྱོར་ཚོང་དོན་གྲུབ་ཆ་ཕན་ཚུན་གསབ་རེས་ཆེན་པོ་ཡོད་པ་དང་མཉམ་ལས་ཀྱི་མདུན་ལམ་ཆེན་པོ་ཡོད་པས་ཨ་ཀེན་ཐིན་ཕྱོགས་ཀྱིས་ཀྲུང་གོའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་ལས་བྱུང་བའི་གོ་སྐབས་གལ་ཆེན་ལ་དམ་འཛིན་བྱས་ནས་ཀྲུང་གོར་ཡོད་པའི་ཁྲོམ་རའི་ཐོབ་སྐལ་སྔར་བས་ཆེ་རུ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཀེན་ཐིན་ཕྱོགས་དང་མཉམ་དུ་སྤུས་ཚད་མཐོན་པོས་རྒྱུད་གཅིག་ལམ་གཅིག་མཉམ་དུ་བསྐྲུན་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས་ནུས་རྒྱུའི་གཏེར་ལས་དང་། རྨང་གཞིའི་སྒྲིག་བཀོད། ཞིང་ལས། ཚན་རྩལ་གསར་གཏོད། གྲངས་འཛིན་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྱང་ཨ་ཀེན་ཐིན་ཕྱོགས་དང་མཉམ་དུ་དངུལ་རྩའི་མཉམ་ལས་མུ་མཐུད་བྱས་ཏེ་ཨ་ཀེན་ཐིན་ཕྱོགས་ཀྱི་དཔལ་འབྱོར་དང་དངུལ་རྩ་བརྟན་པོ་ཡོང་རྒྱུར་རོགས་རམ་བྱེད་འདོད་ཡོད།

སྨི་ལའེ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་ངོ་ཤེས་པར་ཧ་ཅང་དགའ་པོ་བྱུང་། ཀྲུང་གོ་ཕྱོགས་ཀྱིས་ཨ་ཀེན་ཐིན་གྱི་རྒྱལ་ནང་གི་དཔལ་འབྱོར་དང་དངུལ་རྩའི་དུས་བབ་བརྟན་པོ་ཡོང་ཆེད་རྩ་ཆེའི་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཨ་ཀྲུང་དབར་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་མོ་ཡོད། ཨ་ཀེན་ཐིན་ནི་ཀྲུང་གོའི་བློས་འགེལ་ཆོག་པ་དང་བརྟན་ལྷིང་གི་མཉམ་ལས་རོགས་ཟླར་འགྱུར་རེ་བྱེད་ཀྱི་ཡོད། ཨ་ཀེན་ཐིན་ཕྱོགས་ཀྱིས་ཐའེ་དབན་གྱི་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་དང་ཀྲུང་གོ་གཅིག་གི་རྩ་དོན་བརྟན་པོར་སྲུང་རྒྱུ་ཡིན། ཨ་ཀེན་ཐིན་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་དཔལ་འབྱོར་ཚོང་དོན་དང་། ནུས་རྒྱུའི་གཏེར་ཐོན། དངུལ་རྩ་སོགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་བས་ཟབ་ཏུ་གཏོང་རེ་བྱེད་ཀྱི་ཡོད། ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཨ་ཀེན་ཐིན་དུ་མ་འཇོག་མཉམ་ལས་བྱེད་པར་ཡོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཨ་ཀེན་ཐིན་དུ་མ་འཇོག་བྱེད་མཁན་ཁེ་ལས་ལ་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱས་ནས་ཁེ་ལས་ཀྱི་ལུགས་མཐུན་གྱི་ཁེ་དབང་ལ་ཁྲིམས་ལྟར་འགན་ལེན་བྱེད་འདོད་ཡོད། ཨ་ཀེན་ཐིན་ཕྱོགས་ཀྱིས་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ཐོག་གོ་ལ་ཧྲིལ་པོ་བཅོས་སྐྱོང་སྐོར་རྒྱས་བཤད་གནང་བའི་ཀྲུའུ་ཞི་ཞི་ཅིན་ཕིང་གི་འདོད་ཚུལ་གནད་ལ་འཕིགས་པ་དེར་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་དང་འབྲེལ་ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་མཉམ་ལས་བྱ་ཤུགས་ཆེ་རུ་གཏོང་འདོད་ཡོད། ཨ་ཀེན་ཐིན་ཕྱོགས་ཀྱིས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གླེང་སྟེགས་སྔར་བས་ཡག་པོ་གཉེར་རྒྱུར་རྒྱབ་སྐྱོར་བྱས་ཏེ་ལ་ཏིང་མེ་གླིང་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད།

ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཛོམས་ནང་ཞུགས་པ་རེད།

ཤིན་ཧྭ་གསར་འགྱུར་ཁང་ལི་ཡུའེ་རེ་ནེ་ལུའུ་ནས་ཟླ་11ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་11ཚེས་19ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལི་ཡུའེ་རེ་ནེ་ལུའུ་རུ་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་རིང་འཇར་མན་གྱི་སྲིད་བློན་ཧྲོའར་ཚེ་དང་མཇལ་འཛོམས་གནང་བ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། འདི་ལོའི་ཟླ་བ་བཞི་པར་ཁྱེད་ཉིད་ཀྲུང་གོར་འཚམས་འདྲིར་ཕེབས་སྐབས་ང་ཚོས་ལྷག་བསམ་ཟོལ་མེད་དང་གཏིང་ཟབ་ལ་ཕན་འབྲས་ལྡན་པའི་སྤེལ་རེས་གནང་ཡོད། ལོ་ཕྱེད་ལྷག་ཙམ་རིང་རྒྱལ་ཁབ་གཉིས་པོས་འབྱུང་འཕྲོད་འཕེལ་རྒྱས་དང་། རྒྱུན་མཐུད་འགྲིམ་འགྲུལ། ཨ་ཧྥེ་རི་ཁའི་ཞིང་ལས་མཉམ་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་གྲུབ་འབྲས་གལ་ཆེན་ཐོབ་པ་དང་ཀྲུང་གོ་དང་འཇར་མན་གྱི་འབྲེལ་བར་མུ་མཐུད་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་འཕེལ་ཡོད། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་དེ་འགག་རྩའི་གནས་སུ་སླེབས་ཡོད། འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཨང་གཉིས་པ་དང་། གསུམ་པ། ཤུགས་རྐྱེན་གལ་ཆེན་ལྡན་པ་བཅས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོ་དང་འཇར་མན་གྱིས་ཕུགས་དང་འཐབ་ཇུས་ཀྱི་ཟུར་ཚད་ཐོག་ནས་ཀྲུང་གོ་དང་འཇར་མན་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཕན་ཚུན་གྲུབ་འབྲས་ཐོབ་པའི་མཉམ་ལས་ཀྱི་གཏམ་རྒྱུད་མུ་མཐུད་རྩོམ་དགོས།

ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་གྱི་སྲིད་ཇུས་ལ་ཚད་མཐོའི་བརྟན་ལྷིང་རང་བཞིན་དང་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱས་ནས་འཇར་མན་ཕྱོགས་དང་མཉམ་དུ་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་བྱ་རྒྱུ་མཐའ་འཁྱོངས་དང་། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག ཕན་ཚུན་སྤེལ་རེས་དང་དཔྱད་གཞིར་འཛིན་རྒྱུ་བཅས་མཐའ་འཁྱོངས་བྱེད་འདོད་ཡོད། ཀྲུང་འཇར་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་གྱི་ཁེ་ཕན་ཚད་མཐོའི་མཉམ་འདྲེས་ཡིན་པས་ཀྲུང་འཇར་རྒྱལ་ཁབ་གཉིས་པོའི་མཉམ་ལས་ནི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་དང་འབྱུང་འགྱུར་མཉམ་དུ་གཏོད་པའི་གོ་སྐབས་ཤིག་རེད། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་འདི་ཉིད་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་མཁན་མཉམ་ལས་རོགས་ཟླ་གལ་ཆེན་ཞིག་ཏུ་བརྩིས་ནས་འཇར་མན་གྱི་ཁེ་ལས་ལ་ཡངས་ཤིང་རྒྱ་ཆེ་བའི་ཁྲོམ་རའི་གོ་སྐབས་མུ་མཐུད་མཁོ་འདོན་བྱ་རྒྱུ་ཡིན། ཕྱོགས་གཉིས་པོས་གྲངས་འཛིན་ཅན་དང་། རིག་ནུས་ཅན། ཐཱན་ཉུང་ཅན་བཅས་ལ་དམིགས་ནས་མཉམ་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་ཕྱོགས་གསུམ་པའི་ཁྲོམ་ར་ལག་གདང་སྦྲེལ་ནས་གསར་འབྱེད་བྱས་ཏེ་མཉམ་ལས་གཉིས་ཕན་ཡོང་བར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཡོ་རོབ་ནི་སྣེ་མང་ཅན་གྱི་འཛམ་གླིང་གི་གལ་ཆེའི་གྲས་ཤིག་ཡིན་པ་དང་ཡོ་རོབ་དང་མཉམ་ལས་བྱེད་པ་དང་ལག་གདང་སྦྲེལ་ནས་འགྲན་སློང་ལ་ཁ་གཏད་བཅག་སྟེ་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་རྒྱུན་མཐུད་དང་། བརྟན་པོ། སྐྱོན་བྲལ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་ངོས་འཛིན་བྱེད་ཀྱི་ཡོད། ཡོ་རོབ་མནའ་འབྲེལ་གྱིས་ཀྲུང་གོའི་གློག་སྒུལ་རླངས་འཁོར་གྱི་སྒོ་ཁྲལ་འཕར་མ་བསྡུ་བར་འཛམ་གླིང་ཧྲིལ་པོས་དོ་ཁུར་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་སྐད་ཆ་ཤོད་རེས་དང་གྲོས་མོལ་གྱི་ཐོག་ནས་མི་མཐུན་པའི་ཆ་ཐག་གཅོད་བྱ་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད་པས་འཇར་མན་ཕྱོགས་ཀྱིས་དེའི་ཐད་མུ་མཐུད་ནུས་པ་གལ་ཆེན་འདོན་རྒྱུའི་རེ་བ་ཡོད།

ཧྲོའར་ཚེ་ཡིས་བསྟན་དོན། ངས་དེ་གོང་ཀྲུང་གོར་འཚམས་འདྲི་བྱས་ཚུན་འཇར་མན་དང་ཀྲུང་གོའི་དབར་གྱི་འབྲེལ་བར་འཕེལ་རྒྱས་ཡག་པོ་བྱུང་ཡོད། མིག་སྔའི་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་འོག་འཇར་མན་དང་ཀྲུང་གོས་འབྲེལ་གཏུག་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནི་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་སྔར་བས་འཕེལ་རྒྱས་གཏོང་བ་དང་། འདྲ་མཉམ་དང་། ལྷག་བསམ། ཕན་ཚུན་བརྩི་འཇོག་བཅས་ཀྱི་སྙིང་སྟོབས་ལ་བརྟེན་ནས་ཕྱོགས་གཉིས་དང་ཕྱོགས་མང་གི་སྐད་ཆ་ཤོད་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱེད་པ། གཉིས་ཁེ་གཉིས་ཕན་ཡོང་བ་བཅས་བྱས་ཏེ་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བ་དང་ཐུན་མོང་ཐོག་དར་རྒྱས་ཡོང་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད། ཡོ་རོབ་དང་ཀྲུང་གོས་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་གློག་སྒུལ་རླངས་འཁོར་གྱི་གནད་དོན་གང་མགྱོགས་ཐག་གཅོད་བྱ་རྒྱུའི་རེ་བ་ཡོད། འཇར་མན་ཕྱོགས་ཀྱིས་དེའི་ཐད་འབད་བརྩོན་ཧུར་ཐག་བྱེད་འདོད་ཡོད།

ཕྱོགས་གཉིས་པོས་ད་དུང་ཡུག་རེན་གྱི་ཉམས་ཉེན་དང་དབུས་ཤར་ས་ཁུལ་གྱི་དུས་བབ་སོགས་གླེང་མང་བའི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད།

ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཛོམས་ནང་ཞུགས་པ་རེད།

(བྱང་ཆུབ་ཆོས་སྒྲོན་དང་ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-22 6 6 拉萨日报藏文 c191478.html 1 /enpproperty-->