ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། འདི་ལོའི་ཟླ་11ཚེས་15ཉིན་ནས་བཟུང་།ལྷ་ས་གྲོང་ཁྱེར་དུ་གཅིག་སྡུད་ཐོག་དྲོད་རླངས་མཁོ་འདོན་བྱེད་པའི་དུས་ཚིགས་སུ་སླེབས་ཤིང་། གྲོང་ཁྱེར་གྱི་དྲོད་རླངས་མཁོ་འདོན་གྱི་གཙོ་ཤུགས་དམག་ཡིན་པའི་ལྷ་ས་གྲོང་ཁྱེར་སེམས་དྲོ་འབར་རླངས་ཚ་ཤུགས་ཚད་ཡོད་འགན་འཁྲི་ཀུང་སིས་མིག་སྔར་ཁྱོན་ཚན་པ་128ཀྱི་ཁྲོ་ཐབ་ཁང་134ལ་སྲུང་སྐྱོང་བྱས་ཡོད། དེའི་ནང་སློབ་གསོའི་གྲོང་དུ་གཅིག་སྡུད་ཐོག་དྲོད་རླངས་མཁོ་འདོན་བྱེད་པའི་ཁྲོ་ཐབ་ཁང་ནི་གྲོང་ཁྱེར་ཡོངས་ཀྱི་ཁྲོ་ཐབ་ཁང་ཆེ་ཤོས་དེ་ཡིན་པ་དང་།ཁྲོ་ཐབ་དེར་མེ་སྤར་འགོ་ཚུགས་པ་དང་ཆབས་ཅིག་སློབ་གྲྭ་ཁག་གི་སློབ་ཁང་ནང་དྲོ་སོབ་སོབ་ཏུ་གྱུར་ཡོད་པར་མ་ཟད། སློབ་གྲྭའི་དགེ་སློབ་ཚོའང་དཔྱིད་ཀ་ལྟར་དྲོ་སྐྱིད་ལྡན་པའི་སློབ་ཁྲིད་ཀྱི་ཁོར་ཡུག་ཅིག་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།
ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་སློབ་གསོ་གྲོང་གི་ཡན་ལག་སློབ་གྲྭའི་ལོ་རིམ་དང་པོའི་སློབ་ཁང་ནང་རྩིས་རིག་སློབ་ཚན་ཞིག་འཚོགས་བཞིན་ཡོད་པ་དང་། སློབ་ཚན་ཐོག་དགེ་རྒན་གྱིས་སློབ་ཁྲིད་ཡོ་བྱད་སྣ་ཚོགས་སྤྱད་དེ་སློབ་མས་རྟོགས་དཀའ་བའི་རྩིས་རིག་ཐ་སྙད་དག་ཤེས་བདེ་བ་ཡོང་བར་བྱས་པས་སློབ་མ་ཚོའི་ཡིད་དབང་རབ་ཏུ་འཕྲོག་སྟེ།ཚང་མས་ལག་པ་བརྐྱངས་ནས་ཚ་ཚ་འུར་འུར་ངང་ལན་བཏབ་པས་སློབ་ཁྲིད་ཀྱི་རྣམ་པ་ཧ་ཅང་འཁྲུག་ཆ་དོད་པོ་ཡོད་པ་རེད། སློབ་མ་བློ་བཟང་གཡང་འཛོམས་ཀྱིས་གནམ་གཤིས་ཇེ་གྲང་དུ་སོང་ཡང་གཅིག་སྡུད་ཐོག་དྲོད་རླངས་མཁོ་འདོན་བྱས་རྗེས།སློབ་ཁང་ནང་ཧ་ཅང་དྲོ་པོ་ཡོད་པས་ང་ཚོ་སློབ་སྦྱོང་བྱེད་སེམས་ཆེན་པོ་འདུག་ཅེས་བཤད།
ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་སློབ་གསོ་གྲོང་གི་ཡན་ལག་སློབ་གྲྭར་ཁྱོན་བསྡོམས་འཛིན་གྲྭ་11དང་སློབ་མ་480ལྷག་ཙམ་ཡོད་ཅིང་།དྲོད་རླངས་གཅིག་སྡུད་ཐོག་མཁོ་འདོན་བྱས་རྗེས་གྲང་ངར་ཆེ་བའི་ཞོགས་པ་ཡིན་ནའང་སློབ་ཁང་ནང་དྲོ་སོབ་སོབ་ཏུ་གྱུར་ཡོད། སློབ་མ་ཚོས་སློབ་གོས་གྱོན་ནས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཚན་ཉན་བཞིན་ཡོད་པ་དང་སློབ་གྲྭ་ཡོངས་ལ་དྲོ་སྐྱིད་ཀྱི་རྣམ་པ་ཞིག་མངོན་བཞིན་མཆིས། སློབ་མ་བསྟན་འཛིན་ལྷ་སྐྱིད་ཀྱིས་སློབ་གྲྭར་དྲོད་རླངས་མཁོ་འདོན་བྱས་རྗེས།ང་ཚོས་ཕྱི་གོས་མཐུག་པོ་གྱོན་ནས་གྲང་ངར་འགོག་མི་དགོས་པར་སེམས་སྐྱིད་པོས་སློབ་སྦྱོང་ལ་བརྩོན་པ་བྱ་རྒྱུ་བྱུང་ཞེས་བཤད།
ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་སློབ་གསོ་གྲོང་གི་ཡན་ལག་སློབ་གྲྭའི་སློབ་དོན་ཁྲུའི་ཀྲུའུ་རེན་བསྟན་འཛིན་འཇིགས་མེད་ཀྱིས་དྲོད་རླངས་མཁོ་འདོན་བྱས་པ་ལས་ང་ཚོར་དྲོ་སྐྱིད་སྦྱིན་པར་མ་ཟད། སློབ་གྲྭ་ཡོངས་ལ་འབད་འབུངས་ཡར་བརྩོན་གྱི་སློབ་སྦྱོང་གི་རྣམ་པ་ཟབ་མོ་ཞིག་ཆགས་ཡོད། ཁོར་ཡུག་དེ་འདྲའི་འོག་སློབ་མ་ཚོས་རང་དགོས་ཤེས་བྱར་སྦྱངས་པ་བྱས་ནས་སློབ་གྲྭའི་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཤད།
ཁྲེང་ཀོན་ཆུས་བུ་བཅོལ་ཁང་ཨང་དགུ་པའི་སློབ་གྲྭའི་ནང་ཕྲུ་གུ་ཚོས་ཕྱི་རོལ་དུ་རྩེད་མོ་རྩེ་བ་དང་རོལ་རྩེད་སྣ་ཚོགས་ནང་ཧུར་ཐག་ཞུགས་ཡོད།ཕྱི་རོལ་གྱི་བྱེད་སྒོ་མཇུག་འགྲིལ་རྗེས།ཁོང་ཚོ་དགའ་དགའ་སྤྲོ་སྤྲོའི་ངང་སློབ་ཁང་དུ་ལོག་སྐབས་སློབ་ཁང་ཧ་ཅང་དྲོ་པོ་ཡོད་པ་རེད། དགེ་རྒན་གྱི་ཁྲིད་སྟོན་འོག་ཕྲུ་གུ་ཚོས་ཕྱི་གོས་མཐུག་པོ་ཕུད་པས་དེ་མ་ཉིད་དུ་གྲུང་ཤ་དོད་པོར་གྱུར་ཡོད།
སློབ་ཁང་ནང་གི་དྲོད་ཚད་ཧྲེ་ཧྲི་ཏུའུ་20ཙམ་ཡིན་པ་དང་།སྤྲོ་སྣང་ལྡན་པའི་རོལ་དབྱངས་ཀྱི་འགྱུར་ཁུག་གྲགས་པ་དང་ཆབས་ཅིག་ཕྲུ་གུ་ཚོས་དགེ་རྒན་གྱི་སྣེ་ཁྲིད་འོག་བྱིས་གླུ་བླངས་པས་བྱིས་དུས་ཀྱི་སྤྲོ་སྣང་དང་ལྷད་མེད་ཀྱི་ཉམས་འགྱུར་གྱིས་ཁེངས། གླེང་རིན་ཡོད་པ་ཞིག་ནི་ཕྲུ་གུ་ཚོའི་བདེ་འཇགས་ལ་འགན་ལེན་བྱ་ཆེད། བུ་བཅོལ་ཁང་དེའི་དྲོད་རླངས་ཚང་མར་སྲུང་སྐྱོང་དྲ་བ་བསྒར་ནས་ཕྲུ་གུ་ཚོར་དྲོ་སྐྱིད་ལྡན་ལ་བདེ་འཇགས་ལྡན་པའི་ཁོར་ཡུག་ཅིག་བཏོད་ཡོད། ཁྲེང་ཀོན་ཆུས་བུ་བཅོལ་ཁང་ཨང་དགུ་པའི་དགེ་རྒན་ཚེ་རིང་གཡང་ལགས་ཀྱིས་ང་ཚོའི་བུ་བཅོལ་ཁང་ལ་འཛིན་གྲྭ་21དང་བྱིས་པ་715ཡོད། གཅིག་སྡུད་ཐོག་དྲོད་རླངས་མཁོ་འདོན་བྱས་རྗེས།དྲོ་སོབ་སོབ་ཀྱི་འཛིན་གྲྭའི་ནང་བྱེད་སྒོ་སྣ་ཚོགས་སྤེལ་ཆོག་པས་བྱིས་པའི་སློབ་སྦྱོང་དང་འཚར་ལོངས་ལ་དེ་བས་ཕན་པ་ཆེན་པོ་ཐོབ་ཡོད་ཅེས་བཤད།
མིག་སྔར་ལྷ་སའི་སློབ་གསོ་གྲོང་གིས་གཅིག་སྡུད་ཐོག་དྲོད་རླངས་མཁོ་འདོན་བྱས་པའི་ཚན་པ་13ལ་ཁྱབ་པ་དེའི་ནང་སློབ་གྲྭ་12ཚུད་ཡོད་པ་དང་སྤྱིའི་དྲོད་རླངས་མཁོ་འདོན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་56ཟིན་ནས་སློབ་གསོ་གྲོང་ཁུལ་གྱི་སྤྱི་ཡོངས་ཀྱི་དྲོད་རླངས་མཁོ་འདོན་ཆུ་ཚད་མཐོ་རུ་ཕྱིན་པར་མ་ཟད། རྒྱ་ཆེའི་དགེ་སློབ་དང་དེ་བཞིན་ལས་དོན་པར་དྲོ་སྐྱིད་ལྡན་པའི་སློབ་སྦྱོང་དང་ལས་ཀའི་ཁོར་ཡུག་ཀྱང་མཁོ་འདོན་ཐུབ་ཡོད། ལྷ་ས་གྲོང་ཁྱེར་སེམས་དྲོ་འབར་རླངས་ཚ་ཤུགས་ཚད་ཡོད་འགན་འཁྲི་ཀུང་སིའི་ཚོང་ཞབས་པུའི་ཅིང་ལི་གཞོན་པ་ཀུང་ཞུའེ་ཚུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཕྱིས་འབྱུང་།ཀུང་སི་དེས་དྲོད་རླངས་མཁོ་འདོན་མ་ལག་འཁོར་སྐྱོད་ཀྱི་སྲུང་སྐྱོང་དང་ལྟ་ཞིབ་ཚད་ལེན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ།དྲོད་རླངས་མཁོ་འདོན་བརྟན་པོ་དང་ནུས་ཆེ་ཡོང་བའི་འགན་ལེན་བྱ་རྒྱུ་དང་ཆབས་ཅིག་བེད་སྤྱོད་བྱེད་མཁན་གྱི་ལན་སྤྲོད་ལ་བརྡ་ལན་ཧུར་ཐག་སྤྲད་དེ་དྲོད་རླངས་མཁོ་འདོན་བྱེད་པའི་བརྒྱུད་རིམ་ནང་ཐོན་སྲིད་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱ་རྒྱུ་དང་། སྤུས་ལེགས་ཀྱི་ཞབས་ཞུར་བརྟེན་ནས་ལུས་དྲོ་བ་དང་སེམས་དེ་བས་དྲོ་བ་ཡོང་བའི་ཁོར་ཡུག་གཏོད་རྒྱུ་ཡིན་ཞེས་བཤད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
པར་འདི་ནི་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོའི་སློབ་གསོ་གྲོང་གི་ཡན་ལག་སློབ་གྲྭའི་སློབ་མ་རྣམས་ཀྱིས་དྲོ་སོབ་སོབ་ཀྱི་སློབ་ཁང་ནང་སློབ་སྦྱོང་བྱེད་བཞིན་པའི་རྣམ་པ་ཡིན།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社