ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཉེ་ཆར།རྒྱལ་ཁབ་རིག་དངོས་ཅུས་དང་སློབ་གསོ་པུའུ་ཡིས2024ལོའི་གསར་བརྗེའི་རིག་དངོས་གཙོ་དོན་དུ་བྱས་པའི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེན་མོའི་ཐོན་ཁུངས་སྤུས་ལེགས་འཛུགས་སྐྲུན་འོས་སྦྱོར་གྱི་དཔེ་སྟོན་རྣམ་གྲངས་དང་རྣམ་གྲངས་རྩེ་གྲའི་མིང་ཐོ་ཁྱབ་བསྒྲགས་བྱས་པ་རེད།བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དང་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སློབ་གསོ་ཅུས་ཀྱིས་འདི་ལོའི་ཟླ་ལྔ་པར་མཉམ་འབྲེལ་ཐོག་སྤེལ་བའི་རིག་དངོས་ཀྱི་གཏམ་རྒྱུད་ང་ཡིས་བརྗོད་ཅེས་པའི་གཞོན་ནུ་ལོ་ཆུང་གི་ལོ་རྒྱུས་གཏམ་རྒྱུད་དང་གསར་བརྗེའི་གཏམ་རྒྱུད་འགྲན་བསྡུར་ཆེན་མོའི་རྣམ་གྲངས་དེ་འབུར་དུ་ཐོན་ནས་གྲུབ་འབྲས་ཐོབ་པའི་ངང་བདམས་ཐོན་བྱུང་བ་རེད།དེ་ནི་2023ལོར་རྒྱལ་ཁབ་རིག་དངོས་ཅུས་དང་སློབ་གསོ་པུའི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེན་མོའི་ཐོན་ཁུངས་སྤུས་ལེགས་འཛུགས་སྐྱོང་དང་འོས་སྦྱོར་གྱི་རྣམ་གྲངས་རྩེ་གྲར་བདམས་རྗེས།སླར་ཡང་གྲུབ་འབྲས་ཐོབ་པའི་ངང་བདམས་ཐོན་བྱུང་བ་ཞིག་རེད།
བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་རྟེན་རྫས་བཤམས་མཛོད་ཁང་གསར་པ་སྒོ་ཕྱེ་ཚུན།བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེན་མོའི་ལག་ལེན་སློབ་ཁྲིད་རྟེན་གཞིའི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ནས་2023ལོའི་ཟླ་5པར་སློབ་གྲྭ་དང་སློབ་གླིང་མཉམ་ལས་ཀྱི་རྣམ་པའི་ཐོག་ནས་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེན་མོའི་བྱེད་སྒོ་སྤེལ་འགོ་ཚུགས་པ་དང་།སློབ་གྲྭ་དང་སློབ་གླིང་མཉམ་ལས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་པ།ལྷ་ས་གྲོང་ཁྱེར་སློབ་གསོ་ཅུས་དང་ཁྲེང་ཀོན་ཆུས་སློབ་གསོ་ཅུས་སོགས་ཚན་པ་དང་མཉམ་ལས་དམ་ཟབ་བྱས་ནས་ཕུན་སུམ་ཚོགས་པའི་རིག་དངོས་ཐོན་ཁུངས་དང་གསར་བརྗེའི་ཐོན་ཁུངས་དེ་བསམ་བློ་ཆབ་སྲིད་སློབ་གསོའི་བརྗོད་བྱར་བསྒྱུར་བ་རེད།འདི་ལོའི་ཟླ་5པར་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་སྐབས་གཉིས་པའི་གཞོན་ནུ་ལོ་ཆུང་གི་རིག་དངོས་གཏམ་རྒྱུད་ང་ཡིས་བརྗོད་ཅེས་པའི་བྱེད་སྒོ་གྲུབ་འབྲས་ཐོབ་པའི་ངང་སྤེལ་ཞིང་། གཏམ་རྒྱུད་བཤད་པའི་དབྱིངས་ཞུགས་རྣམ་པའི་སློབ་གསོར་བརྟེན་ནས་གཞོན་ནུ་དང་ལོ་ཆུང་སློབ་མའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་གསར་བརྗེའི་སྲོལ་རྒྱུན་གྱི་སློབ་གསོ་རྒྱག་ཤུགས་ཆེ་རུ་བཏང་སྟེ་ཁོང་ཚོར་ཡང་དག་པའི་འཇིག་རྟེན་གྱི་ལྟ་བ་དང་།མི་ཚེའི་ལྟ་བ།རིན་ཐང་གི་ལྟ་བ་བཅས་འཛུགས་རྒྱུའི་ཁྲིད་སྟོན་བྱས་ཐོག་འགན་འཁྲི་ལྕི་པོ་འཁུར་ཞིང་སྤྱོད་བཟང་རྒྱུན་འཛིན་གྱིས་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱེད་པའི་དུས་རབས་ཀྱི་མི་གསར་པ་ཞིག་ཏུ་འཚར་ལོངས་ཡོང་བར་བྱས་ཡོད་པ་རེད།
བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གསར་པའི་འབྲེལ་ཡོད་འགན་འཁུར་བས་སླད་ཕྱིན་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གིས་རྣམ་པ་སྣ་ཚོགས་ཀྱི་བསམ་བློ་ཆབ་སྲིད་སློབ་གསོའི་བྱེད་སྒོ་རྒྱུན་ཆད་མེད་པར་སྤེལ་ནས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་གསོའི་མཉམ་ལས་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་།གཞུང་འཁྱོངས་དང་གསར་གཏོད་ཀྱིས་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆེན་མོ་རྒྱུན་མཐུད་འཕེལ་རྒྱས་ཡག་པོ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན།དེ་དང་ཆབས་ཅིག་སློབ་གསོའི་སྡེ་ཚན་དང་སློབ་གྲྭ་དང་འབྲེལ་གཏུགས་དང་མཉམ་ལས་བྱ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་སློབ་གྲྭ་འབྲིང་ཆུང་གི་བསམ་བློ་ཆབ་སྲིད་སློབ་ཚན་གཞི་གཅིག་ཅན་གྱི་འཛུགས་སྐྱོང་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་།རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོས་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཤུགས་ཆེན་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ།རྟེན་རྫས་བཤམས་མཛོད་ཁང་དང་སློབ་གྲྭའི་མཉམ་ལས་འཛུགས་སྐྲུན་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ཏེ།རྒྱལ་གཅེས་ལེགས་སྐྱེས་དང་མི་རིགས་བསྐྱར་དར་གྱི་ལས་འགན་ལྕི་པོ་འཁུར་བའི་དུས་རབས་ཀྱི་མི་གསར་པ་དེ་བས་མང་བ་གསོ་སྐྱོང་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།
(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社