(པར་ངོས་དང་པོར་མཐུད)ཚད་མཐོའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཀྱི་ཐོག་ནས་གནའ་གྲོང་དོ་དམ་གྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གནའ་གྲོང་བར་སྐོར་ལ་གསོན་ཤུགས་གསར་པ་འཕེལ་བར་བྱེད་དགོས།
གྲོང་ཁྱེར་གྱི་འགོ་ཁྲིད་ཝང་ཆང་དང་། ལི་ཅང་ཤིན། ཀྲང་ཏིང་ཁྲེང་། ལིན་ཡུང་། ཝང་ཧུའེ། ཞུས་ཧའེ། ཀྲང་ཁྲུན་དབྱང་། མ་ཝུན་ཆིང་། བློ་བསྟན། ལིའུ་ལེང་བཅས་ཚོགས་འདུར་ཞུགས་ཡོད།
བར་སྐོར་གནའ་གྲོང་དུ་ཤའོ་ཡིའུ་ཚའེ་ཕེབས་ཀྱིན་དུ་གནའ་གྲོང་སྲུང་སྐྱོང་དང་དོ་དམ། དེ་བཞིན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་ལས་དོན་སྤེལ་ཚུལ་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས་གསུངས་དོན། བར་སྐོར་གནའ་གྲོང་ནི་ལྷ་ས་གྲོང་ཁྱེར་གྱི་འབྱུང་ཁུངས་ཡིན་པ་དང་། ལོ་རྒྱུས་ཡུན་རིང་ལྡན་ཞིང་རྒྱལ་ཁབ་ཕྱི་ནང་དུ་སྐད་གྲགས་ཆེན་པོ་ཡོད། གཅེས་འཛིན་དང་བརྩི་བཀུར་གྱི་བསམ་པ་བཅངས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་གནའ་གྲོང་གི་ལོ་རྒྱུས་རིག་གནས་ལ་སྲུང་སྐྱོང་ཡག་པོ་དང་རྒྱུན་འཛིན་ཡག་པོ་བྱེད་དགོས་པ་དང་། ཚད་གཞི་མཐོན་པོ་དང་བླང་བྱ་ནན་པོ་མཐའ་འཁྱོངས་ཀྱིས་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་འཐབ་ཇུས་ལ་རྒྱུན་རྣམ་དང་ཕུགས་ཕན་གྱི་སྒོ་ནས་སྐུལ་འདེད་བཏང་སྟེ། དོ་དམ་ནན་པོའི་ཁུལ་དང་། དཔེ་སྟོན་ཁུལ། སྤུས་ལེགས་ཁུལ་བཅས་ནུས་ཤུགས་ཡོད་རྒུས་བཏོད་ཐོག མང་ཚོགས་ཚོ་དེ་བས་སྐྱིད་སྣང་དོད་པའི་ངང་འཚོ་བ་སྐྱེལ་ཐུབ་པ་དང་ཡུལ་སྐོར་བའི་སེམས་པ་དེ་བས་སྐྱིད་པོ་ཡོང་བར་བྱེད་དགོས།
དེའི་རྗེས་སུ། ཤའོ་ཡིའུ་ཚའེ་བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་དུ་བརྟག་ཞིབ་གནང་བར་ཕེབས་པ་དང་འབྲེལ་བཞུགས་མོལ་ཚོགས་འདུ་ཡང་འཚོགས་པ་དང་། བར་སྐོར་གནའ་གྲོང་དོ་དམ་ཨུ་ལྷན་གྱི་ལས་དོན་སྙན་ཞུར་གསན་རྗེས། ཤའོ་ཡིའུ་ཚའེ་ཡིས་གདེང་འཇོག་གང་ལེགས་གནང་བ་དང་འབྲེལ་དོ་དམ་ཨུ་ལྷན་གྱི་ལས་བྱེད་པ་དང་ལས་བཟོ་བར་འཚམས་འདྲི་ཡང་གནང་བ་རེད། ཁོང་གིས་ནན་གསུངས་གནང་དོན། བར་སྐོར་གནའ་གྲོང་ནི་ལྷ་སའི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་གི་ལྟེ་བའི་ཁུལ་ཞིག་ཡིན་པ་དང་། གནས་བབ་གལ་ཆེན་དང་དོ་ཁུར་བྱེད་ཚད་མཐོན་པོ་ཡོད་པས། དོ་དམ་ཨུ་ལྷན་གྱི་འགོ་ཁྲིད་ཚན་ཁག་གིས་རྣམ་པ་གསར་པ་དང་། འགན་འཁྲི་གསར་པ། བྱས་རྗེས་གསར་པ་བཅས་མངོན་པར་བྱས་ཏེ། བར་སྐོར་གནའ་གྲོང་ལ་སྲུང་སྐྱོང་དང་དོ་དམ་གྱི་འགན་འཁྲི་ལྕི་པོ་དེ་ཁུར་ནས་རྩ་འཛུགས་ཀྱི་ཡིད་ཆེས་དང་མང་ཚོགས་ཀྱི་རེ་སྒུག་ཆུད་ཟོས་སུ་གཏན་ནས་གཏོང་མི་རུང་།
ལོ་རྒྱུས་ལ་འགན་འཁུར་དགོས། དེ་ཡང་བསམ་བློའི་ཐོག་བར་སྐོར་གནའ་གྲོང་ལ་སྲུང་སྐྱོང་དང་དོ་དམ་ལས་དོན་ཡག་པོ་སྒྲུབ་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ།“ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱ་ཡུལ”དང་།“འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ”ལ་གཞི་ཚུགས་ཏེ། སྲུང་སྐྱོང་གཙོ་བོར་བྱེད་པ་དང་དཔེ་སྟོན་སྐུལ་འདེད་མཐའ་འཁྱོངས་ཀྱིས་གནད་སྨིན་དང་། ཞིབ་ཚགས། སྤུས་ལེགས་བཅས་ཀྱི་ཚད་གཞི་ལྟར་ལས་དོན་ཁག་སྤྱི་འདོམས་ལག་བསྟར་བྱས་ཏེ། ལོ་རྒྱུས་དང་མི་དམངས་ཀྱི་ཞིབ་བཤེར་ཐེག་ཐུབ་པའི་འགན་ལེན་བྱེད་དགོས།
གནའ་གྲོང་ལ་འགན་འཁུར་དགོས། དེ་ཡང་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་ཁ་གསལ་བཟོ་བ་དང་ཐོན་ཁུངས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ཏེ། སྒྲིག་སྲོལ་ལམ་ལུགས་འཛུགས་ཤུགས་ཆེ་རུ་གཏོང་བ་དང་འགན་འཁྲི་ལས་བགོས་ཁ་གསལ་ཡོང་བར་བྱས་ནས་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་བར་སྐོར་གནའ་གྲོང་ལ་སྲུང་སྐྱོང་དང་དོ་དམ་བྱེད་པའི་མཉམ་ཤུགས་གཅིག་སྒྲིལ་ཐུབ་པར་བྱེད་དགོས་པ་དང་། གནའ་གྲོང་ཁོངས་གཏོགས་ཁུལ་གྱི་རིམ་ཁག་ཚན་པ་ཁག་གིས་སྤྱི་ཡོངས་ཀྱི་འདུ་ཤེས་སྔར་བས་ཟབ་ཏུ་གཏོང་བ་དང་། ལས་བགོས་གཞོགས་འདེགས་དམ་ཟབ་བྱེད་པ། ཕྱར་བ་གྲུ་འདེགས་བཅས་བྱས་ནས་ལས་དོན་ཁག་ནུས་ལྡན་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས།
མི་དམངས་ལ་འགན་འཁུར་དགོས། དེ་ཡང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ལས་ཀའི་སྤྱོད་ཚུལ་ལེགས་སུ་གཏོང་བ། ལས་ཀའི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་བྱ་སྤྱོད་དངོས་ཀྱི་ཐོག་ནས་གྲོང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ། ལས་བྱེད་པ་དང་ལས་བཟོ་བ་ཚོར་གུས་ཤིང་སྐྲག་ཤེས་པ་དང་། འཇིགས་ཟོན་ཡོད་པ། མཐའ་ཚད་སྲུང་བ་བཅས་ཀྱི་ཁྲིད་སྟོན་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་དགོས།
(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社