分享按钮

ལྷུན་གྲུབ་རྫོང་སྐལ་བཟང་ཐང་དེང་རབས་ཞིང་འབྲོག་ཐོན་ལས་དཔེ་སྟོན་གླིང་གིས།

ཅང་སུའུ་ཐོན་ལས་བོད་སྐྱོར་ལ་བརྟེན་ནས་ལྷུན་གྲུབ་རྫོང་གི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ།

ཐོན་ལས་བོད་སྐྱོར་ནི་ཅང་སུའུ་ཡི་བོད་སྐྱོར་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེན་ཞིག་ཡིན། ལོ་ངོ་30ཡི་རིང་། ཅང་སུའུ་ཡིས་ཐོག་མཐའ་བར་གསུམ་དུ་ཐོན་ལས་རོགས་སྐྱོར་བྱ་རྒྱུ་དེ་ཁ་གཏད་རོགས་སྐྱོར་གྱི་ལས་ཀའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་མཐའ་འཁྱོངས་བྱས་པ་དང་། ཁྲོམ་རས་ཁྲིད་སྟོན་བྱ་རྒྱུ་མཐའ་འཁྱོངས་བྱས་པ། ཞིང་འབྲོག་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ་དང་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་རྒྱུ་དམིགས་ཚད་དུ་བྱས་ནས་བོད་སྐྱོར་རྣམ་གྲངས་ལག་བསྟར་བྱས་པ་བརྒྱུད་ཞིང་འབྲོག་ལས་ཀྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་ཐོན་ལས་ཅན་དུ་འགྱུར་བའི་འཕེལ་རིམ་ལ་སྐུལ་འདེད་བཏང་ཡོད། སུའུ་ཀྲོའུ་ཡི་ཞིང་ལས་ལག་རྩལ་དང་ཐོན་ལས་འཕེལ་རྒྱས་ཀྱི་ཉམས་མྱོང་ལ་བརྟེན་པ་དང་།ལྷུན་གྲུབ་རྫོང་གི་ཐོན་ཁུངས་ལེགས་ཆ་དང་ཟུང་འབྲེལ་གྱིས་བཞོན་མ་གསོ་ཚགས་དང་། ནོར་གནག་རྒྱགས་གསོ་ཐོན་ལས་ཅན། སྤུས་ལེགས་ཀྱི་ནོར་གནག་ཐོན་སྐྱེད་རྟེན་གཞི། གཟན་རྩྭ་ལས་སྣོན་སོགས་ཀྱི་རྣམ་གྲངས་གཙོ་གནད་ཐོག་ལག་བསྟར་བྱས་ཏེ།ས་གནས་དེ་གའི་ཞིང་ལས་གཞི་ཁྱོན་ཅན་དང་། ཐོན་ལས་ཅན། ཁྱད་ལྡན་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱིས་འཁོར་རྒྱུག་བཟང་པོ་ཡོང་བར་བྱས་ནས་གྲོང་གསེབ་དར་རྒྱས་ལ་དེ་བས་ལེགས་པའི་སྒོ་ནས་སྐུལ་འདེད་བཏང་བ་རེད།

སྐལ་བཟང་ཐང་དེང་རབས་ཞིང་འབྲོག་ཐོན་ལས་དཔེ་སྟོན་གླིང་ནི་ཅང་སུའུ་ཞིང་ཆེན་གྱིས་ལྷ་སར་ཁ་གཏད་རོགས་སྐྱོར་བྱེད་པའི་དམངས་འཚོའི་རྣམ་གྲངས་གལ་ཆེན་ཞིག་ཡིན་ལ། ལྷུན་གྲུབ་རྫོང་གི་ལོ་ལྔ་ཚན་བཅུ་གསུམ་པའི་གཙོ་གནད་འཆར་འགོད་རྣམ་གྲངས་ཤིག་ཀྱང་ཡིན། དེ་ནི་ལྷུན་གྲུབ་རྫོང་གསུམ་འཕྲེང་ཤང་གསུམ་འཕྲེང་གྲོང་ཚོར་གནས་པ་དང་། དེ་ཉིད་ཤར་ཁུལ་དང་ནུབ་ཁུལ་ཞེས་ཁག་གཉིས་སུ་དབྱེ་ཞིང་།ཁྱོན་མ་དངུལ་སྒོར་དུང་ཕྱུར་1.5བཏང་ཡོད། དེ་ནི་རང་ལྗོངས་ཀྱི་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་ཕྱོགས་བསྡུས་རང་བཞིན་གྱི་ཞིང་འབྲོག་དཔེ་སྟོན་གླིང་ཐོག་མ་དེ་ཡིན། སྐལ་བཟང་ཐང་ནི་སྐལ་པ་བཟང་བའི་དོན་ཡིན་ཞིང་། ད་ཆ་གླིང་དེ་ནི་གྲོང་གསེབ་དར་རྒྱས་དང་མང་ཚོགས་ཕྱུག་འགྱུར་གྱི་བདེ་སྐྱིད་གླིང་ཞིག་ཏུ་གྱུར་ཡོད།

ལྷུན་གྲུབ་རྫོང་ས་གཙང་ཐོན་ལས་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་པ་ལུའེ་རུའུ་ཧུང་གིས།ང་ཚོས་ལྷུན་གྲུབ་རྫོང་གི་རང་བྱུང་ཐོན་ཁུངས་ལ་དམ་པོར་དམིགས་པ་དང་།ཅང་སུའུ་ཡི་བོད་སྐྱོར་ལ་བརྟེན་ནས་མིག་སྔར་ནོར་གནག་མགོ་གྲངས་4500ཙམ་ཡོད། ང་ཚོས་ད་ཡོད་ཀྱི་ཐོན་ཁུངས་ལ་བརྟེན་ནས་ཚགས་ཤའི་ཐོན་རྫས་ལས་སྣོན་གྱི་ཚོང་པ་དང་མཉམ་འབྲེལ་ཧུར་ཐག་བྱས་ཏེ།གཞན་ལ་སྤྲོད་པའི་སྤུས་ལེགས་ཚགས་ཤ་དང་ཚགས་ཤ་སྐམ་པོ་སོགས་སྤྲོ་གསེང་བཟའ་རིགས་གསར་སྤེལ་བྱས་ནས་ལྷུན་གྲུབ་རྫོང་ལ་ཡོད་པའི་སྤུས་རྟགས་ཀྱི་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་བཏོད་ཡོད། ལྗོངས་ཕྱིའི་རོགས་སྐྱོར་ཁེ་ལས་དང་མཉམ་ལས་བྱས་པ་བརྒྱུད། ལྗོངས་ཕྱིའི་ཁྲོམ་ར་རགས་ཙམ་བཏོད་ནས་མིག་སྔའི་བར་ཕྱིར་ཚོང་སྒོར་ཁྲི་300ལྷག་ཙམ་ཟིན་ཡོད། ད་ལོར་ང་ཚོར་ས་མཐོའི་སྤུས་ལེགས་ཁྱད་ལྡན་ཞིང་ལས་ཐོན་རྫས་རྒྱ་ཆེ་བའི་ཁྲོམ་རར་ཁྱབ་གདལ་དུ་བཏང་ནས་འཁོར་རྒྱུག་བཟང་པོ་ཡོང་བར་བྱས་ཏེ།གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུར་སྔར་བས་སྐུལ་འདེད་གཏོང་ཐུབ་པའི་ཡིད་ཆེས་ཡོད་ཅེས་བཤད་པ་རེད།

སྐལ་བཟང་ཐང་དེང་རབས་ཞིང་འབྲོག་ཐོན་ལས་དཔེ་སྟོན་གླིང་ནི་2017ལོར་ཨར་ལས་བྱེད་འགོ་ཚུགས་ཤིང་། ལོ་ཁ་ཤས་རིང་འཚོལ་ཞིབ་བྱས་པ་བརྒྱུད།དེ་གར་གཟན་རྩ་དང་།ཚགས་ཤ འོ་མ་བཅས་གཞི་གཅིག་ཅན་གྱི་ཐོན་ལས་སྦྲེལ་ཐག་ཅིག་བསྐྲུན་ཟིན་ནས་ཀུང་སི་དང་། རྟེན་གཞི། མཉམ་ལས་ཁང་། ཞིང་དུད་བཅས་དང་ཟུང་དུ་འབྲེལ་བའི་རྣམ་པ་ཞིག་ཆགས་ཏེ་ས་གནས་དེ་གའི་མང་ཚོགས་ཀྱི་ཐོན་འབབ་ལ་སྣེ་ཁྲིད་བྱས་ཡོད། 2023ལོ་ཁོ་ནར་ནོར་གནག་མགོ་གྲངས་400བཤས་བཏང་བར་ཡོང་འབབ་སྒོར་ཁྲི་400ཙམ་བྱུང་ཡོད། མིག་སྔའི་བར་རིམ་རྩིས་བྱས་ན་ཉེ་འཁོར་གྱི་ཞིང་འབྲོག་པ་120ལྷག་ཙམ་ལས་ཞུགས་ཐུབ་ཡོད།

ལས་བཟོ་བ་ཚེ་སྒྲོལ་དཀར་གྱིས།2021ལོར་ང་འདི་གར་ལས་ཀ་བྱེད་པར་ཡོང་བ་ཡིན། ལས་ཀ་གཙོ་བོ་ནི་བེའུ་གསོ་རྒྱུ་དེ་ཡིན། ད་ཆ་ཡོང་འབབ་བརྟན་པོ་ཡོད་ལ་ཁྱིམ་དང་ཐག་ཉེ་བས་ལས་ཀ་དང་འཚོ་བ་གཉིས་ཀ་ཧ་ཅང་སྟབས་བདེ་པོ་འདུག་ཅེས་བཤད།

ལྷུན་གྲུབ་འབྲོག་གཙང་ཞིང་འབྲོག་འཕེལ་རྒྱས་ཚད་ཡོད་ཀུང་སིའི་འགན་འཁུར་བ་བསམ་སྒྲོན་གྱིས།ང་ཚོས་ནོར་གནག་ལ་དུས་བཀག་ལྟར་རིམས་འགོག་སྨན་ཁབ་རྒྱག་པ་དང་འགོག་སྲུང་ལས་དོན་ཡག་པོ་བསྒྲུབས་ནས། ནད་འབུ་འགོ་བར་སྔོན་འགོག་བྱེད་ཀྱི་ཡོད། གཟན་རྩྭར་ལས་སྣོན་གཟན་རྩྭ་ཕུད་པའི་རང་བྱུང་གི་གཟན་རྩྭ་ཡང་ཡོད་པས། ང་ཚོས་ནོར་གནག་གི་འཚར་ལོངས་ཀྱི་དུས་རིམ་མི་འདྲ་བའི་དགོས་མཁོ་ལྟར་སྦྱོར་སྡེབ་ཀྱང་མི་འདྲ་བ་བྱེད་ཀྱི་ཡོད། ད་ལོར་ནོར་གནག་ཐོན་ལས་ཞིབ་སྤེལ་དང་ཞབས་ཞུའི་ལྟེ་གནས་གཉེར་སྐྱོང་བྱས་ཏེ།ནོར་གནག་ཐོན་རྫས་དེ་ཞིབ་ཚགས་ཅན་དང་། ལས་སྣོན་ཅན། ཕྱིར་ཚོང་ཅན་བཅས་ཀྱི་ཐད་སྤྱོད་ཡོད། 2023ལོའི་ལོ་སྨད་དུ་ང་ཚོས་ཅང་སུའུ་བོད་སྐྱོར་བཀོད་འདོམས་པུའི་རོགས་སྐྱོར་བརྒྱུད།ཅང་སུའུ་ཡི་ཁེ་ལས་དང་ཕྱིར་ཚོང་ཐབས་ལམ་བཙུགས་ནས་མིག་སྔར་མཉམ་ལས་ལས་དོན་ལ་སྐུལ་འདེད་གཏོང་བཞིན་ཡོད་ཅེས་བཤད་པ་རེད།

འཕན་པོ་ཞིང་རའི་གཟན་རྩྭ་འདེབས་འཛུགས་རྟེན་གཞིའི་ཞིང་ལས་སྐྱེ་དངོས་དག་ནོར་ལུག་གི་གཟན་རྩྭར་གྲབས་གསོག་བྱས་ནས་ནོར་ལུག་དགུན་སྒྲོལ་ཐད་སྤྱད་ནས་གྲོང་གསེབ་དར་རྒྱས་ཡོང་རྒྱུར་རོགས་སྐྱོར་བྱ་རྒྱུ་རེད། བོད་ལྗོངས་ཚལ་ཏུའུ་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་ཅིང་ལི་ལིའུ་ཝུན་ཁྲའོ་ཡིས། འཕན་པོ་ཞིང་རའི་གཟན་རྩྭ་འདེབས་འཛུགས་རྟེན་གཞིའི་རྒྱ་ཁྱོན་ལ་མུའུ་4800ལྷག་ཙམ་ཡོད་པ་དང་། ད་ལོར་མ་རྨོས་ལོ་ཏོག་མུའུ་1000དང་།ཡུག་པོ་མུའུ་3800བཏབ་ཡོད། སྔོ་གཟན་མ་རྨོས་ལོ་ཏོག་གི་ནང་དུ་སིང་ཕྱེ་དང་།ཚི་སྣའི་རྒྱུ། སྤྲི་དཀར་རྫས་སོགས་ཀྱི་འཚོ་བཅུད་ཕུན་སུམ་ཚོགས་པོ་འདུས་ཡོད་པས་བཞོན་མའི་འོ་མ་ཐོན་ཚད་ཇེ་མཐོར་གཏོང་ཐུབ་ཅིང་། ཡུག་པོ་སྐམ་རྗེས་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་དང་། དེར་སྤྲི་དཀར་མང་པོ་འདུས་ཡོད་པས།ནོར་ལུག་ལ་ཤ་ཤེད་དང་རུས་པ་སྐྱེད་པར་ཕན་ཐོགས་ཡོད་ཅེས་བཤད།

ཚན་རིག་དང་མཐུན་པའི་གསོ་ཚགས་ནས་གསར་སྤེལ་བེད་སྤྱོད་གང་ལེགས་བྱེད་པའི་བར་གྱི་ཐོན་ལས་སྦྲེལ་ཐག་ཧྲིལ་པོའི་འཕེལ་རྒྱས་གཏོང་སྟངས་དེས“ས་མཐོའི་གྲུ་གཟིངས”དེ་ཞིང་འབྲོག་པའི་ཕྱུག་འགྱུར་གྱི་ནོར་བུར་གྱུར་ཡོད། སྐལ་བཟང་ཐང་དེང་རབས་ཞིང་འབྲོག་ཐོན་ལས་དཔེ་སྟོན་གླིང་གིས་ཐོན་ལས་བོད་སྐྱོར་གཞི་རྟེན་དུ་བྱས་ནས་ཞིང་འབྲོག་ལས་ཕྱོགས་སྒྱུར་འཕེལ་རྒྱས་ལ་རྒྱུན་མཐུད་དང་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་། ས་གནས་དེ་གའི་སྤུས་མཐོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མང་ཚོགས་ལས་ཞུགས་འབབ་འཕར་ལ་སྔར་བས་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་རེད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-21 ལྷུན་གྲུབ་རྫོང་སྐལ་བཟང་ཐང་དེང་རབས་ཞིང་འབྲོག་ཐོན་ལས་དཔེ་སྟོན་གླིང་གིས། 6 6 拉萨日报藏文 c191431.html 1 ཅང་སུའུ་ཐོན་ལས་བོད་སྐྱོར་ལ་བརྟེན་ནས་ལྷུན་གྲུབ་རྫོང་གི་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ། /enpproperty-->