分享按钮

གཟའ་འཁོར་འདིར་རང་གྲོང་གི་གནམ་གཤིས་འགྱུར་ལྡོག་ཆེ་བ།

གཟའ་འཁོར་འདིའི་དུས་དཀྱིལ་དང་དུས་མཇུག་ཏུ་ས་གནས་ཁ་ཤས་སུ་གངས་སིམ་སིམ་འབབ་རྒྱུ་ཡིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་18ཉིན། གསར་འགོད་པས་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱས་པར་གཞིགས་ན། སྔོན་དཔག་ལྟར་ན་གཟའ་འཁོར་འདིའི་ནང་རང་གྲོང་དུ་གནམ་གཤིས་ལ་འགྱུར་ལྡོག་ཆེ་ཞིང་། གཟའ་འཁོར་འདིའི་དུས་དཀྱིལ་དང་དུས་མཇུག་ཏུ་བྱང་རྒྱུད་དང་ཤར་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་ཁག་གཅིག་ཏུ་གངས་སིམ་སིམ་འབབ་རྒྱུ་ཡིན་པ་རེད། གཟའ་འཁོར་འདིའི་ནང་གཙང་པོ་རྒྱུག་ཁུལ་ལུང་གཞུང་དུ་ལྷགས་པ་རིམ་པ་4ཙམ་ལྡང་རྒྱུ་དང་། ས་བབ་མཐོ་བའི་ཁུལ་དུ་ལྷགས་པ་རིམ་པ་7ནས་8བར་ལྡང་རྒྱུ་རེད། གནམ་གཤིས་གཙོ་བོའི་བརྒྱུད་རིམ་ནི། གཟའ་ཟླ་བ་ནས་གཟའ་མིག་དམར་བར་རང་གྲོང་དུ་གནམ་དྭངས་པ་ནས་སྤྲིན་པ་ཉུང་ཉུང་འཁོར་རྒྱུ་དང་། གཟའ་ལྷག་པ་ནས་གཟའ་ཕུར་བུའི་བར་རང་གྲོང་དུ་སྤྲིན་པ་མང་པོ་འཁོར་རྒྱུ་ཡིན་པ། འདམ་གཞུང་རྫོང་དང་མལ་གྲོ་གུང་དཀར་རྫོང་གི་ཤར་རྒྱུད་དང་ལྷུན་གྲུབ་རྫོང་གི་བྱང་རྒྱུད་སོགས་ས་བབ་མཐོ་བའི་ས་ཁུལ་དུ་གངས་ཆུང་ཆུང(སིམ་སིམ)འབབ་རྒྱུ་ཡིན་པ། གཟའ་པ་སངས་ནས་གཟའ་ཉི་མའི་བར་རྫོང(ཆུས)ཁག་ཏུ་སྤྲིན་པ་ཉུང་བ་ནས་རིམ་བཞིན་སྤྲིན་པ་མང་པོ་འཁོར་རྒྱུ། བྱང་རྒྱུད་དུ་གནས་པའི་འདམ་གཞུང་རྫོང་དང་ཤར་རྒྱུད་དུ་གནས་པའི་མལ་གྲོ་གུང་དཀར་རྫོང་གཉིས་ཀྱི་ཤང(གྲོང་རྡལ)འགའ་རེར་ཁ་ཐོར་རང་བཞིན་གྱི་ཁ་བ་སིམ་སིམ་འབབ་རྒྱུ་རེད།

གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱིས་གྲོས་འགོ་བཏོན་དོན། གཟའ་འཁོར་འདིའི་དུས་དཀྱིལ་དང་དུས་མཇུག་ཏུ་བྱང་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་གངས་འབབ་པ་དང་དྲོད་ཚད་ཆག་རྒྱུ་ཡིན་པར་མ་ཟད། ལམ་དུམ་བུ་ཁག་གཅིག་ཏུ་གངས་གསོག་དང་འཁྱགས་པ་ཐེབས་སླ་བས་འགྲོ་ལམ་ཐོག་འགྲིམ་འགྲུལ་བདེ་འཇགས་དང་གྲང་འགོག་དྲོད་སྲུང་ལས་དོན་ཡག་པོ་བསྒྲུབ་དགོས། གཟའ་འཁོར་འདིར་གཙང་པོ་རྒྱུག་ཁུལ་གྱི་ལུང་གཞུང་དང་ས་བབ་མཐོ་བའི་ས་ཁུལ་དུ་ཕྱི་དྲོར་ཐོལ་རླུང་ལྡང་མང་བའི་གནམ་གཤིས་བསྟན་རྒྱུ་ཡིན་པ་དང་། སྐམ་ཤས་ཆེ་བས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་དང་དེ་བཞིན་གྲོང་ཁྱེར་དང་གྲོང་རྡལ་གྱི་མེ་སྤྱོད་བདེ་འཇགས་ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས་ཀྱི་ཡོད་པ་རེད།

(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-20 གཟའ་འཁོར་འདིའི་དུས་དཀྱིལ་དང་དུས་མཇུག་ཏུ་ས་གནས་ཁ་ཤས་སུ་གངས་སིམ་སིམ་འབབ་རྒྱུ་ཡིན་པ། 6 6 拉萨日报藏文 c191384.html 1 གཟའ་འཁོར་འདིར་རང་གྲོང་གི་གནམ་གཤིས་འགྱུར་ལྡོག་ཆེ་བ། /enpproperty-->