ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་16དང་17ཉིན་བར། 2024ལོའི་བོད་རང་སྐྱོང་ལྗོངས་ཀྱི་རང་བྱུང་བྲག་ལྡེབས་ལ་འཛེག་པའི་ཡོངས་བསྒྲགས་འགྲན་བསྡུར་དེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དོག་སྡེ་གྲོག་རོང་ཀེའུ་ཚང་གི་རང་བྱུང་བྲག་ལྡེབས་སུ་སྤེལ་བ་རེད།
ཐེངས་འདིའི་འགྲན་བསྡུར་དེ་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་དང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། བོད་རང་སྐྱོང་ལྗོངས་རི་འཛེག་རུ་ཁག་དང་ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་ཀྱིས་གཉེར་འགན་ཁུར་བ་ཞིག་ཡིན་ཞིང་། དེ་ནི་2024ལོའི་སྐབས་ཉེར་གཅིག་པའི་ཀྲུང་གོའི་བོད་ལྗོངས་རི་འཛེག་ཚོགས་ཆེན་གྱི་ཡན་ལག་རྣམ་གྲངས་ཤིག་ཡིན། འགྲན་བསྡུར་དེ་སྐྱེས་པ་དང་བུད་མེད་ཀྱི་ཚོགས་ཆུང་གཉིས་སུ་དབྱེ་ནས་གྲ་སྒྲིག་འགྲན་བསྡུར་དང་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་བྱས་པ་དང་། རྒྱལ་ཡོངས་ནས་ཡོང་བའི་ལུས་རྩལ་པ་54དང་། མཐོ་སློབ་ཀྱི་སློབ་མ། དེ་བཞིན་སྤྱི་ཚོགས་ཀྱི་འཐུས་མི་བཅས་ཐེངས་འདིའི་འགྲན་བསྡུར་ནང་ཞུགས་ཡོད་ཅིང་། ལོ་ན་ཆུང་ཤོས་ཀྱི་ལུས་རྩལ་པ་ལོ་10ཡིན་པ་རེད།
ཐོག་མའི་ཛ་དྲག་པའི་འགྲན་བསྡུར་བརྒྱུད། སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་ནས་བརྒྱད་པའི་བར་དང་བུད་མེད་ཚོགས་ཆུང་གི་ཨང་དང་པོ་ནས་བརྒྱད་པའི་བར་གྱི་ལུས་རྩལ་པ་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཚུད་ཡོད་པ་རེད། རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་བྱེད་པའི་ཉིན་མོར་ཆུ་ཚོད་གཉིས་ལྷག་ཙམ་རིང་འགྲན་བསྡུར་བྱས་པ་བརྒྱུད། སི་ཁྲོན་ཕན་ཏུའོ་ལའི་བྲག་འཛེག་སྤྲོ་སྐྱིད་ཁང་ནས་ཡིན་པའི་སུང་ཤའོ་ཡིས་སྐར་མ་4དང་སྐར་ཆ་09ཡི་གྲུབ་འབྲས་ཐོག་ནས་སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་བླངས་པ་དང་། ཧྲའན་ཤིས་འཐུས་མི་རུ་ཁག་ནས་ཡོང་བའི་ཤང་ཧུང་ཁྲུན་གྱིས་སྐར་མ་6དང་སྐར་ཆ་39ཡི་གྲུབ་འབྲས་ཐོག་ནས་བུད་མེད་ཚོགས་ཆུང་གི་ཨང་དང་པོ་བླངས་པ་རེད།
སྐྱེས་པའི་ཚོགས་ཆུང་གི་ཨང་དང་པོ་ཐོབ་མཁན་སུང་ཤའོ་ཡིས་ང་རང་བོད་དུ་ཡོང་ཐེངས་དང་པོ་ཡིན་ལ་ས་བབ་མཐོ་ཤོས་ཀྱི་རང་བྱུང་བྲག་ལྡེབས་འགྲན་བསྡུར་ནང་ཞུགས་ཐེངས་དང་པོའང་ཡིན། ས་བབ་མཐོ་བའི་ས་ཁུལ་དུ་བྲག་འཛེག་འགྲན་བསྡུར་ནང་ཞུགས་རྒྱུ་བྱུང་བ་ནི་ཧ་ཅང་ཐོབ་དཀའ་བའི་གོ་སྐབས་ཤིག་ཡིན་ལ་རི་འཛེག་གི་ཉམས་མྱོང་དེ་བས་མང་བ་གསོག་ཐུབ་བྱུང་ཞེས་བཤད།
བུད་མེད་ཚོགས་ཆུང་གི་ཨང་དང་པོ་ཐོབ་མཁན་ཤང་ཧུང་ཁྲུན་གྱིས་རང་བྱུང་བྲག་ལྡེབས་ལ་འཛེག་པའི་འགྲན་བསྡུར་ནི་འགྲན་སློང་རང་བཞིན་ཆེ་ཙམ་ལྡན་པའི་ལུས་རྩལ་རྣམ་གྲངས་ཤིག་ཡིན་པས་དེ་རིང་གི་གྲུབ་འབྲས་ལ་ང་བློ་ཡིད་ཚིམ་པོ་བྱུང་། ཐེངས་འདིའི་འགྲན་བསྡུར་ནི་ངའི་ངོས་ནས་བརྗོད་ན་ཧ་ཅང་ཡག་པའི་ཉམས་མྱོང་ཞིག་རེད་ཅེས་བཤད།
དོག་སྡེ་ལུང་ཤུར་གྱི་རང་བྱུང་བྲག་འཛེག་ར་བ་དེ་2001ལོར་གསར་སྤེལ་བྱས་པ་དང་། མཐོ་པོ་མེད་པར་ཅུང་འཛེག་སླ་བའི་ཁུལ་དང་དཀའ་ཚེགས་ཆེ་བའི་བྲག་འཛེག་ཁུལ་བཅས་རིགས་གཉིས་སུ་དབྱེ་ཡོད། བྲག་རྡོའི་སྤུས་ཚད་འཛེང་རྡོ་ཡིན་པས་གཙུབ་བརྡར་ནུས་པ་ཆེན་པོ་ལྡན་ཡོད་ལ་རི་འཛེག་སྐབས་མྱོང་ཚོར་ཡང་ཡག་པོ་ཡོང་ཐུབ་ཀྱི་ཡོད་པ་རེད། མིག་སྔར་མཐོ་པོ་མེད་པར་ཅུང་འཛེག་སླ་བའི་ཁུལ་གྱི་ལམ་ཐིག་ཆིག་སྟོང་ཙམ་དང་དཀའ་ཚེགས་ཆེ་བའི་བྲལ་འཛེགས་ཁུལ་གྱི་ལམ་ཐིག་40ལྷག་ཙམ་ཡོད་པ་རེད། སྟོབས་ཤུགས་དང་། ཐབས་རྩལ། སྙིང་སྟོབས། བློ་གྲོས་བཅས་གཞི་གཅིག་ཏུ་འདུས་པའི་གསར་དར་ལུས་རྩལ་གྱི་རྣམ་གྲངས་ཤིག་ཡིན་པའི་ངོས་ནས་བྲག་འཛེག་ལུས་རྩལ་ལ་སྤྱི་ཚོགས་ཀྱིས་རྒྱ་ཁྱབ་ངང་དོ་ཁུར་བྱེད་པ་དང་གཞོན་ནུ་ལོ་ཆུང་དགའ་པོ་བྱེད་ཀྱི་ཡོད་པས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་རྣམ་གྲངས་སུ་དངོས་སུ་གྱུར་ཡོད་པ་རེད། ཉེ་བའི་ལོ་ཤས་རིང་། བོད་དུ་རྒྱལ་སྤྱིའི་རང་བཞིན་དང་རྒྱལ་ཡོངས་རང་བཞིན་གྱི་བྲག་འཛེག་འགྲན་བསྡུར་ཐེངས་མང་གཉེར་བས་བྲག་འཛེག་ལུས་རྩལ་པ་མང་པོ་འགྲན་བསྡུར་ནང་ཞུགས་རྒྱུའི་ཡིད་དབང་བཀུག་ནས་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད།
ཐེངས་འདིའི་འགྲན་བསྡུར་ནི་ཀྲུང་གོའི་བོད་ལྗོངས་རི་འཛེག་ཚོགས་ཆེན་སྐབས་ཉེར་གཅིག་པའི་ཡན་ལག་རྣམ་གྲངས་ཀྱི་གྲས་ཤིག་ཡིན་ཞིང་། འགྲན་བསྡུར་དེ་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་དང་ཆབས་ཅིག་ཀྲུང་གོའི་བོད་ལྗོངས་རི་འཛེག་ཚོགས་ཆེན་སྐབས་ཉེར་གཅིག་པའང་མཇུག་འགྲིལ་བ་རེད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
པར་འདི་ནི་བདམས་ཐོན་པ་བྲག་ལྡེབས་ལ་འཛེག་ནས་འགྲན་བསྡུར་བྱེད་བཞིན་པའི་རྣམ་པ་ཡིན།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社