(པར་ངོས་གསུམ་པར་མཐུད)འདས་ཟིན་པའི་ལོ་བཞིའི་རིང་། ཨ་ཀྲུང་ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད། གླེང་མོལ་དང་སྤེལ་རེས་ཀྱི་ཐབས་ལམ་ཁག་གཅིག་སླར་གསོ་དང་གསར་དུ་བཙུགས་པ་དང་། དེའི་ནང་ཕྱོགས་གཉིས་པོའི་ཕྱི་འབྲེལ་དང་བདེ་འཇགས་ཚོགས་པའི་རྒྱུན་གཏན་རང་བཞིན་གྱི་འཐབ་ཇུས་འབྲེལ་གཏུག་རྒྱུན་འཁྱོངས་བྱས་པ་དང་། ལྷག་བསམ་ཟོལ་མེད་ངང་གླེང་མོལ་གཏིང་ཟབ་བྱས་ནས་ཕྱོགས་གཉིས་པོས་ཕན་ཚུན་ཤེས་རྟོགས་བྱེད་ཚད་ཟབ་ཏུ་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད། ལྷག་པར་དུ་ང་ཚོ་ལོ་གཅིག་གོང་ལ་ཅིའུ་ཅིན་ཧྲན་དུ་མཇལ་འཛོམས་བྱས་ཚུན་ཕྱོགས་གཉིས་པོའི་དམག་དོན་དང་།དུག་འགོག ཁྲིམས་འཛིན།མི་ཐབས་རིག་ནུས།གནམ་གཤིས་འགྱུར་ལྡོག སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་སོགས་ཐད་དངོས་དངོས་རྗེན་རྗེན་གྱི་གྲུབ་འབྲས་ཐོབ་ཡོད།ཕྱོགས་གཉིས་པོས་2026ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་དང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་གཙོ་གཉེར་བྱེད་པར་ཕན་ཚུན་རྒྱབ་སྐྱོར་བྱེད་པ་དང་ཨ་ཀྲུང་མཉམ་ལས་ཀྱིས་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པ་མཚོན་ཡོད། ཨ་རིས་འཇམ་འཐབ་གསར་པ་བྱེད་དུ་མི་འཇུག་པ་དང་།ཀྲུང་གོའི་སྒྲིག་སྲོལ་ལ་འགྱུར་ལྡོག་གཏོང་དུ་མི་འཇུག་པ།མནའ་མཐུན་གྱི་འབྲེལ་བ་ཟབ་ཏུ་གཏོང་བ་བརྒྱུད་ཀྲུང་གོར་ངོ་རྒོལ་བྱེད་དུ་མི་འཇུག་པ། ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་པ།ཀྲུང་གོ་དང་གདོང་ཐུག་མི་ཡོང་བ།ཐའེ་ཝན་གྱི་གནད་དོན་སྤྱད་དེ་ཀྲུང་གོ་དང་འགྲན་རྩོད་མི་བྱེད་ལ།ཨ་རི་ཕྱོགས་ཀྱིས་ཀྱང་ཀྲུང་གོ་གཅིག་གི་སྲིད་ཇུས་མུ་མཐུད་ནས་ལག་བསྟར་བྱ་རྒྱུ་ཡིན།ཨ་རི་ཕྱོགས་ཀྱིས་བར་བརྒལ་དུས་ཚོད་ནང་ཀྲུང་གོ་ཕྱོགས་དང་འབྲེལ་གཏུགས་དང་གླེང་མོལ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་།ཕན་ཚུན་དབར་ཤེས་རྟོགས་བྱེད་ཚད་ཟབ་ཏུ་གཏོང་བ།འགན་འཁྲི་འཁུར་བ་བཅས་ཀྱི་སྒོ་ནས་མི་མཐུན་ས་དོ་དམ་དང་ཚོད་འཛིན་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོས་ཀྲུང་ཨའི་འབྲེལ་བའི་མཛུབ་ཁྲིད་རྩ་དོན་ཐད་གྲོས་མཐུན་བྱུང་བའི་ཐུན་མོང་གི་ངོས་འཛིན་བདུན་སྟེ། ཕན་ཚུན་བརྩི་འཇོག་དང་།ཞི་བདེ་མཉམ་གནས།འབྲེལ་གཏུགས་རྒྱུན་འཁྱོངས།གདོང་ཐུག་སྔོན་འགོག 《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ལ་བརྩི་སྲུང་།ཐུན་མོང་གི་ཁེ་ཕན་ཡོད་པའི་ཁྱབ་ཁོངས་སུ་མཉམ་ལས་བྱེད་པ།ཕྱོགས་གཉིས་པོའི་འབྲེལ་བའི་ཁྲོད་ཀྱི་འགྲན་རྩོད་ཀྱི་རྒྱུ་རྐྱེན་དོ་དམ་དང་ཚོད་འཛིན་བྱེད་འགན་འཁུར་བ་བཅས་བྱ་རྒྱུ་ཡིན་ཞེས་བསྐྱར་བསྒྲགས་བྱས་པ་རེད།ཕྱོགས་གཉིས་པོས་རྩ་དོན་དེ་དག་རྒྱུན་འཁྱོངས་བྱས་ནས་ཀྲུང་ཨའི་འབྲེལ་བ་མུ་མཐུད་ནས་བརྟན་པོ་ཡོང་བར་བྱས་ཏེ་བརྟན་པོའི་ངང་བར་བརྒལ་ཡོང་བར་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཀྲུང་ཨའི་འཐབ་ཇུས་འབྲེལ་གཏུགས་དང་།ཕྱི་འབྲེལ་བདེ་འཇགས་ཚོགས་པའི་རྒྱུན་གཏན་རང་བཞིན་གྱི་འབྲེལ་འདྲེས།དམག་དཔུང་གཉིས།དཔལ་འབྱོར་ཚོང་དོན།དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་གླེང་མོལ་ལམ་སྲོལ་གྱི་ནུས་པ་གལ་ཆེན་ལ་གདེང་འཇོག་ཧུར་ཐག་གནང་བ་དང་འབྲེལ་མུ་མཐུད་ནས་འབྲེལ་གཏུགས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་སྤྱི་ཁོག་དཔལ་འབྱོར་གྱི་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་རྒྱུའི་མོས་མཐུན་གནང་བ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཅིའུ་ཅིན་ཧྲན་དུ་ཞལ་འཛོམས་གནང་ཚུན་དུག་འགོག་དང་།གནམ་གཤིས་འགྱུར་ལྡོག མི་ཐབས་རིག་ནུས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་སོགས་ཁྱབ་ཁོངས་ཀྱི་གླེང་མོལ་དང་མཉམ་ལས་ལ་ཐོབ་པའི་དགེ་མཚན་ལྡན་པའི་འཕེལ་རིམ་ལ་ཕྱིར་དྲན་གནང་བ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོས་མི་ཐབས་རིག་ནུས་བཅོས་སྐྱོང་ཐད་བསམ་པ་རྣམ་དག་ངང་དགེ་མཚན་ལྡན་པའི་གླེང་མོལ་གནང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་ཕན་ཚུན་མི་ཐབས་རིག་ནུས་སྐོར་གྱི་གྲོས་ཆོད་མཉམ་དུ་བཀོད་དེ་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་།མི་ཐབས་རིག་ནུས་དགེ་སྒྲུབ་དང་ཡོངས་ཁྱབ་ལ་སྐུལ་འདེད་གཏོང་བའི་དགོས་པ་ཡོད་པ་གཏན་འཁེལ་བྱས་ནས་མིའི་རིགས་ཀྱིས་ཉིང་རྡུལ་མཚོན་ཆ་བེད་སྤྱོད་ཚོད་འཛིན་བྱེད་པའི་གཏན་འབེབས་རྒྱུན་འཁྱོངས་བྱེད་དགོས་པའི་ངོས་འཛིན་གནང་བ་རེད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ད་ཐེངས་ཀྱི་མཇལ་འཛོམས་འདི་ནི་ལྷག་བསམ་ཟོལ་མེད་དང་ནང་དོན་གཏིང་ཟབ་ལ་དགེ་མཚན་ལྡན་པ་ཞིག་ཡིན་པས་མུ་མཐུད་ནས་འབྲེལ་གཏུགས་བྱེད་འདོད་ཡོད་པའི་ངོས་འཛིན་གནང་བ་རེད།
ཚའེ་ཆི་དང་ཝང་དབྱི་སོགས་མཇལ་འཛོམས་ནང་ཞུགས་ཡོད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社