(པར་ངོས་དང་པོར་མཐུད)རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད་ལ། འཛམ་གླིང་ཞི་བདེ་དང་བརྟན་ལྷིང་གི་ཆེད་དུ་ལེགས་སྐྱེས་ཧུར་ཐག་ཀྱང་ཕུལ་ནས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་གཉིས་པོའི་མཉམ་ལས་གཉིས་ཕན་དང་ལས་དབང་གཅིག་མཐུན་གྱི་མིག་དཔེ་བཏོད་ཡོད། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་རང་རང་སོ་སོའི་མི་དམངས་ཀྱིས་གདམ་ག་བྱས་པའི་འཕེལ་རྒྱས་ཀྱི་ལམ་བུར་བསམ་ཤེས་དང་རྒྱབ་སྐྱོར་བྱེད་ཀྱི་ཡོད། པར་ཙིར་ནི་ཀྲུང་གོ་དང་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་མཁན་རྒྱལ་ཁབ་དང་པོ་དེ་ཡིན་ལ། ཀྲུང་གོ་དང་ཁྱོན་ཡོངས་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་མཁན་ལ་ཏིང་མེ་གླིང་གི་རྒྱལ་ཁབ་དང་པོ་དེའང་ཡིན། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་འབྲེལ་བའི་མདུན་གྲལ་དུ་སླེབས་ཡོད། ཀྲུང་པར་སྲིད་གཞུང་དབར་གྱི་གླེང་མོལ་གྱི་མཉམ་ལས་ལམ་སྲོལ་འཐུས་ཚང་དུ་ཕྱིན་པ་དང་། རྒྱལ་ཁབ་གཉིས་པོའི་མཐོ་རིམ་མཐུན་སྦྱོར་དང་མཉམ་ལས་ཨུ་ལྷན་འཁོར་སྐྱོད་ཡག་པོ་བྱས་ནས་ལོ་20སོང་ཞིང་། ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་མཐུན་སྦྱོར་དང་འཆར་འགོད། ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱེད་པའི་ཐད་ནུས་པ་གལ་ཆེན་ཐོན་ཡོད།
ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་གཉིས་ཁེ་གཉིས་ཕན་དང་། ལེགས་ཆ་གསབ་རེས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་ངོས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ལ་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་དགོས། ཀྲུང་གོ་འདི་ཉིད་ལོ་15རིང་བསྟུད་མར་པར་ཙིར་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་སུ་གྱུར་པ་དང་། པར་ཙིར་གྱི་ཕྱི་ཕྱོགས་མ་དངུལ་ཡོང་ཁུངས་ཀྱི་རྒྱལ་ཁབ་གཙོ་བོའི་གྲས་ཤིག་རེད། ཀྲུང་གོ་ཕྱོགས་ཀྱི་བསྡོམས་རྩིས་བྱས་པར་གཞིགས་ན། འདས་ཟིན་པའི་ལོ་གསུམ་ནང་། ཀྲུང་གོས་པར་ཙིར་ནས་ལོར་ནང་འདྲེན་བྱེད་ཚད་ཨ་སྒོར་དུང་ཕྱུར་སྟོང་ལས་བརྒལ་ཡོད། རྒྱལ་ཁབ་གཉིས་པོའི་ཐུན་མོང་གི་འབད་བརྩོན་འོག ཕྱོགས་གཉིས་པོའི་ཚོང་དོན་གྲུབ་ཆ་ཉིན་རེ་བཞིན་ལེཊ་སུ་ཕྱིན་པ་དང་། མཉམ་ལས་ཀྱི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་ཕྱིན་པ། ཐུན་མོང་གི་ཁེ་ཕན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་བཅས་བྱུང་ནས་ཞིང་ལས་དང་། རྨང་གཞིའི་སྒྲིག་བཀོད། ནུས་རྒྱུའི་ཐོན་ཁུངས། ལྗང་མདོག་འཕེལ་རྒྱས། ཚན་རྩལ་གསར་གཏོད། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་གཉིས་ཁེ་མཉམ་ལས་ལ་བཀྲག་མདངས་འཚེར་ས་མང་བ་དང་། ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་རང་རང་སོ་སོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད།
ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་སྒོ་དབྱེ་ཁོངས་ཡངས་དང་། ཕན་ཚུན་སློབ་སྦྱོང་། ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་མཐའ་འཁྱོངས་བྱས་པས་རང་བཞིན་གྱིས་སྙིང་ཉེའི་ཚོར་སྣང་ལྡན་པ་དང་མཛེས་སྡུག་ལྡན་པའི་བྱ་དངོས་ལ་ཐུན་མོང་ཐོག་དོན་གཉེར་བྱེད་ཀྱི་ཡོད། པར་ཙིར་གྱི་སྙན་ངག་པ་གྲགས་ཅན་དང་རྩོམ་པ་པོ་སའེ་ཤིས་ལི་ཡ·མའེ་ལེ་ལའེ་སི་དང་། མ་ཁྲ་ཏུའོ·ཏེ·ཨ་ཤིས་སི་གཉིས་ཀྱིས་ཀྲུང་གོའི་ཐང་རྒྱལ་རབས་ཀྱི་སྙན་ངག་སྒྱུར་མྱོང་ཡོད་པ་དང་། དེས་ཕྱོགས་གཉིས་པོའི་བསམ་བློའི་ཐད་ཡུལ་དུས་ལས་བརྒལ་བའི་ཐུན་མོང་གི་བསམ་བློ་མཚོན་ཡོད། ཉེ་བའི་ལོ་ཤས་རིང་ལ། རོལ་དབྱངས་དང་། ཞབས་བྲོ། ཟས་རིགས། ལུས་རྩལ་སོགས་ནི་རྒྱལ་ཁབ་གཉིས་པོའི་མི་དམངས་སྦྲེལ་མཐུད་བྱེད་པའི་སྦྲེལ་ཟམ་གསར་པ་ཞིག་ཏུ་གྱུར་ནས། ཕྱོགས་གཉིས་པོས་ཕན་ཚུན་ཤེས་རྟོགས་བྱེད་པ་དང་མཛའ་གྲོགས་ཀྱི་བརྩེ་དུང་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད། པར་ཙིར་གྱི་གཅེས་པར་འོས་པའི་སྲོག་ཆགས་ཆུ་ཕག་དང་། པོ་ས་ནུའོ་ཝའི་རོལ་དབྱངས། ཁྱད་ལྡན་ཞབས་བྲོ་སྟེ་སང་པ་དང་དམག་འཐབ་ཞབས་བྲོ་བཅས་ལ་ཀྲུང་གོར་དགའ་བསུ་ཆེན་པོ་ཐོབ་ཡོད། ཀྲུང་གོའི་དཔྱིད་གསར་དུས་ཆེན་སོགས་སྲོལ་རྒྱུན་དུས་ཆེན་དང་། ཀྲུང་ལུགས་གསོ་རིག་སོགས་སྲོལ་རྒྱུན་རིག་གནས་ལ་པར་ཙིར་མི་དམངས་ནས་སྔར་བས་མང་བ་ཤེས་རྟོགས་བྱུང་བ་དང་། རྒྱལ་ཁབ་གཉིས་པོའི་གཞོན་ནུ་དང་། གསར་འགོད་པ། མཁས་དབང་བཅས་ཕན་ཚུན་སྤེལ་རེས་བྱེད་ཚད་མང་དུ་དང་། ས་གནས་དབར་འགྲོ་འོང་བྱེད་ཚད་མང་དུ་འགྲོ་བཞིན་ཡོད། ད་ལོར་ཕྱོགས་གཉིས་པོས་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ངོ་མཚར་ཆེ་བའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད། ཉིན་འདི་དག་ནང་། ང་ལ་པར་ཀྲུང་མཛའ་གྲོགས་མཐུན་ཚོགས་དང་། པར་ཙིར་གྱི་སློབ་གྲྭ་ཆེན་མོའི་དགེ་སློབ། ལི་ཡུའེ་རེ་ནེ་ལུའུ་ཡི་ཁོའོ་ཕ་ཁ་པ་ན་སའེ་རོལ་ཚོགས་སོགས་པར་ཙིར་གྱི་ལས་རིགས་ཁག་གི་མཛའ་གྲོགས་མི་སྣ་བརྒྱ་ལྷག་ཙམ་གྱི་འཕྲིན་ཡིག་གཅིག་རྗེས་གཉིས་མཐུད་ངང་འབྱོར་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུའི་ཐད་རེ་སྒུག་ཆེན་པོ་བྱེད་ལུགས་མཚོན་པས། ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་།
ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཞི་བདེ་འཕེལ་རྒྱས་དང་གཞུང་དྲང་དྲང་བདེན་མཐའ་འཁྱོངས་བྱེད་དགོས། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་མང་པོའི་ཐད་གཅིག་མཚུངས་སམ་ཡང་ན་འདྲ་མཚུངས་ཀྱི་ལྟ་སྟངས་ཡོད། རྒྱལ་ཁབ་གཉིས་པོ་ནི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་ཕྱོགས་མང་རིང་ལུགས་ཀྱི་བློ་བརྟན་འགྱུར་མེད་ཀྱི་སྲུང་སྐྱོབ་པ་ཡིན་པ་དང་། དུས་ཡུན་རིང་པོའི་ནང་མཉམ་འབྲེལ་རྒྱལ་ཚོགས་དང་། རྒྱལ་ཁབ་ཉི་ཤུའི་ཚོགས་པ། འབོ་གསེར་རྒྱལ་ཁབ་སོགས་རྒྱལ་སྤྱིའི་རྩ་འཛུགས་དང་ཕྱོགས་མང་ལམ་སྲོལ་ནང་གོ་ལ་ཧྲིལ་པོ་བཅོས་སྐྱོང་དང་། གནམ་གཤིས་འགྱུར་ལྡོག་སོགས་ཀྱི་གྲོས་གཞི་གལ་ཆེན་ལ་གཞོགས་འདེགས་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཡོད། མི་རིང་བའི་གོང་ལ། ཀྲུང་གོ་དང་པར་ཙིར་གྱིས་ཆབ་སྲིད་ཀྱི་ཐོག་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི“ཐུན་མོང་གི་ངོས་འཛིན་ཁག་དྲུག”ཐུན་མོང་ཐོག་ཁྱབ་བསྒྲགས་བྱས་པར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མོས་མཐུན་ཆེན་པོ་བྱུང་ཡོད། ཀྲུང་པར་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ནས་འགན་འཁྲི་འཁུར་མཁན་རྒྱལ་ཁབ་ཆེན་པོའི་ནུས་པ་དང་འགན་འཁྲི་འཁུར་ཕོད་པའི་ནུས་པ་འདོན་སྤེལ་བྱས་པས། འཛམ་གླིང་སྣེ་མང་ཅན་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་རྒྱུར་སྐུལ་མ་ཐེབས་ནས་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་གི་ཆེད་དུ་དྲང་ནུས་ཆེན་པོ་ཞིག་བསྣན་ཡོད།
མིག་སྔར། འཛམ་གླིང་གི་ལོ་བརྒྱའི་འཕོ་འགྱུར་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་པ་དང་། འགྲན་སློང་གསར་པ་དང་འགྱུར་ལྡོག་གསར་པ་རྒྱུན་ཆད་མེད་པར་འབྱུང་བཞིན་ཡོད། གྲུ་གཟིངས་བརྒྱ་ཕྲག་བསྐྱོད་པའི་སྐབས།འབད་བརྩོན་མཁན་དེ་སྔོན་ལ་སླེབས།གྲུ་གཟིངས་ཁྲི་ཕྲག་བསྐྱོད་པའི་སྐབས། དཔའ་ངར་ཅན་དེར་རྒྱལ་ཁ་ཐོབ་ཞེས་གསུངས་པ་བཞིན་སའི་གོ་ལའི་གླིང་ཕྱེད་ཤར་མ་དང་ནུབ་མའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་གཉིས་དང་། འབོ་གསེར་རྒྱལ་ཁབ་ཀྱི་ཁོངས་མི་གལ་ཆེན་ཞིག་ཡིན་པའི་ངོས་ནས་ཀྲུང་པར་རྒྱལ་ཁབ་གཉིས་པོས་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། སྔོན་སྐྱོད་པ་དང་གསར་གཏོད་པ་ཞིག་བྱས་ཏེ། ལག་གདང་སྦྲེལ་ནས་ལམ་བུ་གསར་པ་བཏོད་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་དེ་བཞིན་མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་ཕྱོགས་སུ་བསྐྱོད་དགོས།
ང་ཚོས་ཀྲུང་པར་མཛའ་གྲོགས་ཀྱི་ཁ་ཕྱོགས་ཆེན་པོ་སྟངས་འཛིན་ནན་པོ་བྱེད་དགོས། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། ཕན་ཚུན་སློབ་སྦྱོང་། ཕན་ཚན་དཔྱད་གཞིར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། སྲིད་གཞུང་དང་། སྲིད་ཏང་། ཁྲིམས་འཛུགས་ལས་ཁུངས་སོགས་རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་འགྲོ་འོང་སྔར་བས་ཟབ་ཏུ་གཏོང་བ་དང་། རྒྱལ་སྲིད་སྐྱོང་ལུགས་དང་འཕེལ་རྒྱས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། འཐབ་ཇུས་ཐད་ཀྱི་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ། རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱེད་དགོས། རྒྱལ་ཁབ་གཉིས་པོའི་མཐོ་རིམ་མཐུན་སྦྱོར་དང་མཉམ་ལས་ཨུ་ཡོན་ལྷན་ཁང་དང་། ཁྱོན་ཡོངས་ནས་འཐབ་ཇུས་གླེང་མོལ་སོགས་མཉམ་ལས་ལམ་སྲོལ་གྱི་ནུས་པ་མུ་མཐུད་ནས་འདོན་སྤེལ་གང་ལེགས་བྱེད་པ་དང་། བརྟན་པོ་དང་གནད་སྨིན་འཐུས་ཚང་གི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་གང་ཐུབ་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་པོའི་ངང་ཡུན་རིང་དུ་སྤེལ་བར་སྐུལ་འདེད་གཏོང་དགོས།
ང་ཚོས་ཀྲུང་པར་དབར་གཉིས་ཕན་མཉམ་ལས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་དགོས། ཀྲུང་གོ་དང་པར་ཙིར་གཉིས་པོས་དཔལ་འབྱོར་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་། མི་དམངས་ཀྱི་བདེ་སྐྱིད་ལེགས་སུ་གཏོང་རྒྱུ་དེ་དམིགས་ཚད་གལ་ཆེན་དུ་ཞིག་ཏུ་བརྩིས་ནས། དེང་རབས་ཅན་གྱི་འགྲོ་ལམ་ཐོག་ནུས་ཤུགས་ཡོད་རྒུས་མདུན་སྐྱོད་བྱེད་བཞིན་ཡོད། མིག་སྔར། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པས། ཕྱོགས་གཉིས་པོས་དུས་རབས་ཀྱི་གོ་སྐབས་ལ་སྟངས་འཛིན་ནན་པོ་བྱས་ཏེ། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་གྲོས་འགོ་དང་། པར་ཙིར་གྱི་འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་བྱ་རྒྱུར་མུ་མཐུད་ནས་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་པོའི་གཉིས་ཁེ་མཉམ་ལས་ཀྱི་འཐབ་ཇུས་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། གསར་གཏོད་རང་བཞིན་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། དུས་རབས་ཀྱི་རླབས་རྒྱུན་དང་འཚམ་པ་དང་། དུས་ཡུན་རིང་པོར་དམངས་ལ་ཕན་པའི་དཔེ་སྟོན་རང་བཞིན་གྱི་རྣམ་གྲངས་དེ་བས་མང་བ་གཏོད་པ་བཅས་བྱས་ཏེ། རང་སོའི་རྒྱལ་ཁབ་དང་ས་ཁུལ་ཁག་ཐུན་མོང་ཐོག་འཕེལ་རྒྱས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།
ང་ཚོས་ཀྲུང་པར་མི་དམངས་ཀྱི་མཛའ་མཐུན་རྨང་གཞི་ཟབ་ཏུ་གཏོང་དགོས། ཀྲུང་གོ་དང་པར་ཙིར་གྱི་རིག་གནས་སྣ་མང་ཞིང་ཕུན་སུམ་ཚོགས་པ་དང་། ཡིད་དབང་འཕྲོག་ཤུགས་དམིགས་བསལ་ལྡན་པ། འོད་མདངས་འཕྲོ་བ། ཕན་ཚུན་ཡིད་དབང་འགུག་པ་བཅས་ཡོད། ཕྱོགས་གཉིས་པོས་སྒོ་དབྱེ་ཁོངས་ཡངས་ཀྱི་སྲོལ་རྒྱུན་བཟང་པོ་མུ་མཐུད་ནས་དར་སྤེལ་བཏང་སྟེ་རིག་གནས་དང་། སློབ་གསོ། ཚན་རྩལ། འཕྲོད་བསྟེན། ལུས་རྩལ། ཡུལ་སྐོར། ས་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་པོས་ཕར་ཕྱོགས་མི་དམངས་ཀྱི་སེམས་ནང་སྔར་བས་བདེན་པ་བདེན་ཐུབ་དང་། གསོན་ཉམས་ལྡན་པ་བཅས་ཡོང་བར་བྱས་ནས། ཀྲུང་གོ་དང་པར་ཙིར་གྱི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་བྱ་ཆེད་དུ་དམངས་ཁྲོད་ཀྱི་ཕོ་ཉ་དེ་བས་མང་བ་སྐྱེད་སྲིང་བྱས་ཏེ། མཛའ་གྲོགས་འགྲོ་འོང་ཁྲོད་རྒྱལ་ཁབ་གཉིས་པོའི་ཤེས་དཔལ་ཞི་མཐུན་མཉམ་གནས་དང་འཆམ་མཐུན་མཉམ་གནས་ཡོང་བར་བྱས་ནས་འཛམ་གླིང་ཤེས་རིག་གི་མེ་ཏོག་ལྡུམ་ར་དེ་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་སུ་གཏོང་དགོས།
ང་ཚོས་ཀྲུང་པར་མཐུན་སྒྲིལ་རོགས་རེས་ཀྱི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་གང་ལེགས་མངོན་པར་བྱེད་དགོས། མིག་སྔར། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཚོགས་སྤྱིའི་རང་བཞིན་ཞིག་དར་ཡོད་མོད། དེའི་སྐད་སྒྲ་དང་རེ་འབོད་མིག་སྔའི་རྒྱལ་སྤྱིའི་བཅོས་སྐྱོང་མ་ལག་ཁྲོད་མངོན་མཚོན་གང་ལེགས་ཐུབ་མེད། འཛམ་གླིང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་གཙོ་བོ་ཞིག་ཡིན་པའི་ངོས་ནས་ང་ཚོས་ལོ་རྒྱུས་ཀྱིས་ང་ཚོར་དཀྲིས་པའི་འགན་འཁྲི་ཕྲག་ཏུ་ཁུར་ནས། རྒྱ་ཆེའི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོབ་བྱེད་པ་དང་། གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་མཉམ་ལས་ངང་ཁ་གཏད་གཅོག་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། འཛམ་གླིང་ཞི་བདེ་བརྟན་ལྷིང་དང་ཐུན་མོང་འཕེལ་རྒྱས་ཀྱི་ཆེད་དུ་ཀྲུང་པར་གྱི་ལེགས་སྐྱེས་འབུལ་དགོས།
ང་ད་ཐེངས་པར་ཙིར་དུ་འཚམས་འདྲིར་བསྐྱོད་པར་ད་དུང་དམིགས་ཡུལ་གལ་ཆེན་ཞིག་ཡོད་པ་དེ་ནི་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་པའི་དབུ་ཚོགས་ལ་ཞུགས་རྒྱུ་དེ་ཡིན། རྒྱལ་ཁབ་ཉི་ཤུའི་ཚོགས་པ་ནི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱི་སྟེགས་བུ་གལ་ཆེན་ཞིག་རེད། པར་ཙིར་གྱིས་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་བཞེས་རྗེས། གཞུང་དྲང་གི་འཛམ་གླིང་དང་རྒྱུན་མཐུད་ཀྱི་གོ་ལ་ཞིག་གཏོད་རྒྱུ་གཙོ་དོན་དུ་འཛིན་རྒྱུ་གཏན་འཁེལ་བྱས་པ་དང་། རྒྱལ་ཁབ་ཉི་ཤུའི་ཚོགས་པའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ལི་ཡུའེ་རེ་ནེ་ལུའུ་དབུ་ཚོགས་བདེ་བླག་ངང་གཉེར་རྒྱུར་རྨང་གཞི་ཡག་པོ་བཏིང་ཡོད། སྲིད་འཛིན་ལུའུ་ལ་ཡིས་བཀྲེས་ལྟོགས་དང་དབུལ་ཕོངས་ལ་འགོག་རྒོལ་བྱ་རྒྱུ་དེ་ལི་ཡུའེ་རེ་ནེ་ལུའུ་དབུ་ཚོགས་ཀྱི་གྲོས་གཞི་གཙོ་བོར་བརྩིས་ནས། བཀྲེས་ལྟོགས་དང་དབུལ་ཕོངས་ལ་འགོག་རྒོལ་བྱེད་པའི་གོ་ལ་ཧྲིལ་པོའི་མནའ་འབྲེལ་འཛུགས་རྒྱུའི་གྲོས་འགོ་བཏོན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་བསྔགས་བརྗོད་དང་རྒྱབ་སྐྱོར་ཧུར་ཐག་བྱ་རྒྱུ་ཡིན།
དྲང་གཞག་གི་འཛམ་གླིང་ཞིག་བསྐྲུན་པར་རྒྱལ་ཁབ་ཉི་ཤུའི་ཚོགས་པས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་མཉམ་ལས། གཉིས་ཁེ་གཉིས་ཕན་བཅས་ཀྱི་རྩ་དོན་གཞིར་བཟུང་སྟེ། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཁག་ལ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་རྒྱབ་སྐྱོར་བྱེད་དགོས། འཕེལ་རྒྱས་གཏོང་རྒྱུ་དེ་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་མཉམ་ལས་ཀྱི་ལྟེ་བའི་གནས་བབ་ཐོག་བཞག་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་མངོན་འགྱུར་བྱ་རྒྱུ་དེ་དམིགས་བསལ་གྱི་ལས་དོན་ཞིག་ཏུ་བརྩིས་ནས་གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་རོགས་ཟླའི་འབྲེལ་བ་བཙུགས་ཏེ་དེ་བས་བསྟུན་མཁས་དང་། དེ་བས་ཀུན་ཕན། དེ་བས་མཉེན་ཆ་ལྡན་པ་བཅས་ཀྱི་གོ་ལ་ཧྲིལ་པོའི་འཕེལ་རྒྱས་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་དང་། འཛམ་གླིང་དངུལ་ཁང་། འཛམ་གླིང་ཚོང་དོན་རྩ་འཛུགས་བཅས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་མཚོན་བྱེད་རང་བཞིན་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་དགོས། སྤྱི་ཁོག་དཔལ་འབྱོར་གྱི་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་རྒྱུར་སྐུལ་འདེད་བཏང་སྟེ། སྒོ་དབྱེ་དང་། ཁོངས་ཡངས། མཐོང་ཆུང་མེད་པ་བཅས་ཀྱི་རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཀྱི་ཁོར་ཡུག་ཅིག་གཏོད་དགོས།
རྒྱུན་མཐུད་ཐུབ་པའི་སྐར་མའི་གོ་ལ་ཞིག་བསྐྲུན་པར་རྒྱལ་ཁབ་ཉི་ཤུའི་ཚོགས་པས་རྒྱུན་མཐུད་ཐུབ་པའི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་དར་སྤེལ་བཏང་ནས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་བྱེད་དགོས། སྦགས་མེད་ཐཱན་ཉུང་དང་། ཁོར་ཡུག་སྲུང་སྐྱོང་། ནུས་ཁུངས་རིགས་སྒྱུར། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཀྱི་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ་དང་། ཐུན་མོང་ཡིན་ཡང་ཁྱད་པར་ཡོད་པའི་འགན་འཁྲིའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། མ་དངུལ་དང་། ལག་རྩལ། ནུས་པ་འཛུགས་སྐྱོང་སོགས་ཀྱི་ཐད་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཁག་ལ་རྒྱབ་སྐྱོར་སྔར་ལས་མང་བ་འདོན་སྤྲོད་བྱེད་དགོས། ལོ་32ཀྱི་གོང་ལ། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་དང་འཕེལ་རྒྱས་ཚོགས་ཆེན་ལི་ཡུའེ་རེ་ནེ་ལུའུ་རུ་འཚོགས་ནས《དུས་རབས་21པའི་གྲོས་རིམ》སོགས་ཀྱི་གྲུབ་འབྲས་གལ་ཆེན་ལ་གྲོས་མཐུན་བྱུང་ཡོད། རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་པ་ལི་གཡོད་རེ་ནེ་ལུའུ་རུ་ལྷན་འཛོམས་བྱུང་བའི་གྲོས་རིམ་གལ་ཆེན་ཞིག་ནི་གོ་ལ་ཧྲིལ་པོའི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་གྲོས་བསྡུར་བྱ་རྒྱུ་དེ་རེད། ལི་ཡུའེ་རེ་ནེ་ལུའུ་དབུ་ཚོགས་ཀྱིས་གོ་ལ་ཧྲིལ་བོའི་རྒྱུན་མཐུད་འཕེལ་རྒྱས་ལ་སྔར་ལས་ལྷག་པའི་སྒུལ་ཤུགས་དང་སྔར་ལས་ལྷག་པའི་ཡིད་ཆེས་སྦྱིན་རྒྱུའི་རེ་བ་ཡོད།
རྒྱལ་ཁབ་ཉི་ཤུའི་ཚོགས་པའི་འགོ་ཁྲིད་པའི་ལི་ཡུའེ་རེ་ནེ་ལུའུ་དབུ་ཚོགས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ནས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་པར་ཙིར་གྱིས་བག་ཆགས་མངོན་གསལ་དོད་པོ་ཞིག་འཇོག་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་ཡོད། ངས་ཀྱང་སྲིད་འཛིན་ལུའུ་ལ་དང་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་པར་འབྲེལ་བའི་རྫོགས་ལྡན་ལོ་50གསར་པར་སྣེ་ཁྲིད་བྱས་ཏེ། དེ་བས་དྲང་གཞག་དང་དེ་བས་རྒྱུན་མཐུད་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社