(2024ལོའི་ཟླ་11ཚེས་16ཉིན། ལི་མ)
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཞི་ཅིན་ཕིང་གིས།
གུས་ཤིང་བརྩེ་བའི་སྲིད་འཛིན་པོ་ལུའུ་ཨའར་ཐེ་དང་། ལས་རོགས་རྣམ་པ། ལོ་བརྒྱད་སོང་རྗེས།སླར་ཡང་མཛེས་སྡུག་ལྡན་པའི“མེ་ཏོག་ལྡུམ་རའི་གྲོང་ཁྱེར”ལི་མར་ཡོང་ནས་ཚང་མ་དང་མཉམ་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་མཉམ་ལས་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་བྱ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང་། སྲིད་འཛིན་པོ་ལུའུ་ཨར་ཐེ་དང་ཕེ་རུ་སྲིད་གཞུང་གིས་ད་ཐེངས་ཀྱི་ཚོགས་འདུར་བཀོད་སྒྲིག་ཞིབ་ཚགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ལོ་ངོ་བཅུ་ཕྲག་ནང་།ཡེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ཡེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་སྣེ་ཁྲིད་དེ་གོང་འཕེལ་ཆེན་པོ་དང་།དར་རྒྱས་ཆེན་པོ།མཉམ་འདྲེས་ཆེན་པོ་བཅས་མངོན་འགྱུར་བྱུང་ཡོད་ཅིང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་དེ་ཉིད་གོ་ལ་ཧྲིལ་པོའི་དཔལ་འབྱོར་གྱི་གསོན་ཤུགས་ཆེས་རྒྱས་ཤོས་ཀྱི་ས་ཆ་དང་གོང་འཕེལ་གྱི་སྒུལ་ཤུགས་གཙོ་བོར་འགྱུར་བར་སྐུལ་འདེད་བཏང་ཡོད། མིག་སྔར། འཛམ་གླིང་ལ་ལོ་བརྒྱར་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་འགྲོ་བཞིན་ཡོད་པ་དང་།ཡེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་མཉམ་ལས་ལའང་ས་ཁམས་ཆབ་སྲིད་དང་། ཕྱོགས་རྐྱང་རིང་ལུཊ།
སྲུང་སྐྱོབ་རིང་ལུགས་བཅས་ཤུགས་ཆེར་འགྲོ་བའི་འགྲན་རྩོད་འཕྲད་བཞིན་ཡོད།ལོ་རྒྱུས་ཀྱི་ལམ་བཞི་མདོ་ཁ་དེར། ཡེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་རྒྱལ་ཁབ་ཁག་གིས་འགན་འཁྲི་ཆེན་པོ་འཁུར་དགོས། ང་ཚོས་མཐུན་སྒྲིལ་རོགས་རེས་བྱེད་པ་དང་འགན་འཁྲི་ཕྲག་ཏུ་ཁུར་ནས། 2040ལོའི་པུའུ་ཐེ་ལ་ཅ་ཡའི་བསམ་འདུན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། ཡེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གོང་འཕེལ་གྱི་དུས་རབས་གསར་པ་ཧུར་ཐག་གཏོད་དགོས། དེ་དོན་ངས་གཤམ་གྱི་གྲོས་འགོ་འགའ་འདོན་རྒྱུ་ཡིན།
གཅིག་ནས་སྒོ་དབྱེ་དང་མཉམ་འདྲེས་ཀྱི་ཡེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་མཉམ་ལས་གྲུབ་གཞི་གཏོད་དགོས། ང་ཚོས་ཕྱོགས་མང་རིང་ལུགས་དང་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་གྱི་ཁ་ཕྱོགས་ཆེན་པོ་རྒྱུན་འཁྱོངས་བྱེད་པ་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་ལྟེ་བར་བྱེད་པའི་ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ནུས་པ་སྐུལ་སློང་གང་ལེགས་བྱེད་པ། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དང་མཉམ་འབྲེལ་མཉམ་མཐུད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཉོ་ཚོང་དང་། མ་འཇོག ལག་རྩལ། ཞབས་ཞུ་བཅས་འཁོར་རྒྱུག་བྱེད་མཚམས་འཇོག་པའི་གྱང་མཐོན་པོ་བཤིག་པ་དང་། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་བརྟན་པོའི་ངང་ཤར་བགྲོད་ཐུབ་རྒྱུར་སྲུང་སྐྱོང་བྱས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་དང་འཛམ་གླིང་གི་དཔལ་འབྱོར་འཁོར་རྒྱུག་ལ་སྐུལ་འདེད་གཏོང་དགོས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་རང་མོས་ཚོང་དོན་ཁུལ་བསྐྲུན་རྒྱུ་ནི་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་བརྗིད་ཆེའི་ཕུགས་འདུན་ཞིག་ཡིན་པས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་ཡུན་རིང་དར་རྒྱས་གོང་འཕེལ་དང་འབྲེལ་བ་ཡོད། ལོ་ངོ་10ཡི་གོང་དུ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་པེ་ཅིང་ཚོགས་འདུའི་ཐོག་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་རང་མོས་ཚོང་དོན་ཁུལ་གྱི་འཕེལ་རིམ་འགོ་ཚུགས་པའི་ལོ་རྒྱུས་རང་བཞིན་གྱི་གཏན་འབེབས་བྱས་ཡོད། དེ་རིང་། ང་ཚོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་གྱི་མཛུབ་ཁྲིད་ཡིག་ཆ་གསར་པར་ཆོག་མཆན་སྤྲོད་རྒྱུ་ཡིན་པ་དང་། དེས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་སྒོ་དབྱེའི་རྣམ་པའི་དཔལ་འབྱོར་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་གསར་པ་སྣོན་ཐུབ་པའི་ཡིད་ཆེས་ཡོད།
སྒོ་འབྱེད་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོན་རྟགས་མངོན་གསལ་ཞིག་ཡིན། ཀྲུང་གོས་སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རང་འགུལ་ངང་རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་དང་འབྲེལ་མཐུད་བྱེད་པ། རང་བརྟེན་སྒོ་དབྱེ་རྒྱ་ཆེར་ཧུར་ཐག་གཏོང་བ་བཅས་ཀྱི་ཐོག་ནས། གློག་འཕྲིན་དང་། དྲ་སྦྲེལ། སློབ་གསོ། རིག་གནས། སྨན་བཅོས་སོགས་ཀྱི་ཁྱབ་ཁོངས་གོ་རིམ་ལྡན་པའི་ངང་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས《ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》སྤུས་ཚད་མཐོན་པོའི་སྒོ་ནས་ལག་ལེན་དུ་བསྟར་རྒྱུ་མཐའ་འཁྱོངས་བྱེད་པ་དང་། 《ཕྱོགས་ཡོངས་དང་ཡར་ཐོན་གྱི་ཞི་བདེ་རྒྱ་མཚོ་སྒྲོལ་བའི་རོགས་ཟླའི་འབྲེལ་བའི་གྲོས་ཆོད》དང《གྲངས་འཛིན་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》ཀྱི་འཕེལ་རིམ་ལ་སྐུལ་འདེད་ཧུར་ཐག་གཏོང་བ། ཀྲུང་གོ་དང་ཕེ་རུའི་རང་མོས་ཚོང་དོན་གྲོས་ཆོད་ཀྱི་རིམ་སྤོར་གྲོས་ཆོད་ལ་མིང་རྟགས་འགོད་པ། ངོ་བོའི་རང་བཞིན་གྱི་ཐོག་ནས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་གྱི་3.0གྱི་རིམ་སྤོར་གྲོས་མོལ་མཇུག་འགྲིལ་བ། འབྲེལ་ཡོད་ཕྱོགས་ཁག་དང་མཉམ་དུ་གྲངས་གཞི་དང་ལྗང་མདོག་ཁྱབ་ཁོངས་ཀྱི་ཚོང་དོན་གྲོས་ཆོད་འཚོལ་ཞིབ་གྲོས་མོལ་བྱས་ནས་གོ་ལ་ཧྲིལ་པོར་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཚོང་དོན་ཁུལ་གྱི་དྲ་རྒྱ་མུ་མཐུད་ནས་རྒྱ་ཆེར་གཏོང་འདོད་ཡོད།
གཉིས་ནས་ལྗང་མདོག་གསར་གཏོད་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་འཕར་ནུས་སྐྱེད་སྲིང་བྱེད་དགོས། ང་ཚོས་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་རེས་སྐོར་གསར་པའི་གོ་སྐབས་ལ་དམ་འཛིན་བྱེད་པ་དང་། མི་ཐབས་རིག་ནུས་དང་། ཚད་རྡུལ་ཆ་འཕྲིན། ཚེ་སྲོག་བདེ་ཐང་སོགས་མདུན་གྲལ་ཁྱབ་ཁོངས་སུ་སྤེལ་རེས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། སྒོ་དབྱེ་དང་། འདྲ་མཉམ། དྲང་གཞག མཐོང་ཆུང་མི་བྱེད་པ་བཅས་ཀྱི་གསར་གཏོད་ཁོར་ཡུག་བསྐྲུན་པ་བཅས་ཀྱི་ཐོག་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་ཐོན་སྐྱེད་ནུས་ཤུགས་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས། འབྱུང་ཁམས་གལ་ཆེར་འཇོག་པ་དང་། གྲོན་ཆུང་ལེགས་སྡུད། སྦགས་མེད་ཐཱན་ཉུང་བཅས་ཀྱི་གོང་འཕེལ་རྒྱུན་འཁྱོངས་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ལྗང་མདོག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ། གཙང་ཞིང་མཛེས་སྡུག་ལྡན་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་འཛུགས་སྐྲུན་བཅས་བྱེད་དགོས། གྲངས་འཛིན་ཅན་དང་ལྗང་མདོག་ཅན་མཐུན་སྦྱོར་ངང་བརྗེ་སྒྱུར་གོང་འཕེལ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་གོང་འཕེལ་གྱི་སྒུལ་ནུས་གསར་པ་དང་བཟང་ཆ་གསར་པ་གཏོད་དགོས།
ཀྲུང་གོས་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་གོང་འཕེལ་གཏོང་བ་དང་། ཕྱོགས་ཁག་དང་ལྗང་མདོག་གསར་གཏོད་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས《གོ་ལ་ཧྲིལ་པོའི་གྲངས་གཞི་རྒྱལ་ཁོངས་སྒྲོལ་ཏེ་འཁོར་སྐྱོད་བྱེད་པའི་མཉམ་ལས་ཀྱི་གྲོས་འགོ》ཁྱབ་བསྒྲགས་བྱ་རྒྱུ་མ་ཟད། ཕྱོགས་ཁག་དང་མཉམ་དུ་ནུས་ཆེ་དང་། སྟབས་བདེ། བདེ་འཇགས་བཅས་ཀྱི་གྲངས་གཞི་རྒྱལ་ཁོངས་སྒྲོལ་ཏེ་འཁོར་སྐྱོད་བྱེད་པར་སྐུལ་འདེད་བཏང་བ་བརྒྱུད།ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སུ་ཚོང་དོན་འཛིན་ཡིག་གྲངས་གཞི་ཅན་དུ་འགྱུར་བ་དང་། ལྗང་མདོག་མཁོ་སྤྲོད་སྦྲེལ་ཐག་གི་ནུས་པ་འཛུགས་སྐྱོང། མི་ཐབས་ཀྱི་རིག་ནུས་སྤེལ་རེས་དང་གླེང་མོལ། འབྲུ་རིགས་ཐོན་ལས་གྲངས་གཞི་ཅན་དུ་འགྱུར་བ་སོགས་ཀྱི་གྲོས་འགོ་བཏོན་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་སྤུས་མཐོའི་གོང་འཕེལ་ལ་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན།
གསུམ་ནས་ཀུན་ཕན་ཁོང་ཡངས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་གོང་འཕེལ་འདུ་ཤེས་བརྟན་པོར་འཛུགས་དགོས། ང་ཚོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་སྟེགས་བུ་བེད་སྤྱོད་ཡག་པོ་བྱས་ནས། དཔལ་འབྱོར་ལག་རྩལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། གོང་འཕེལ་འགྲོ་བཞིན་པའི་དཔལ་འབྱོར་མ་ལག་དང་ཉམས་ཞན་མི་ཚོགས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་གོང་འཕེལ་གྱི་ཁེ་ཕན་ཐུན་མོང་ཐོག་ཆེ་རུ་གཏོང་བར་མ་ཟད་བགོ་བཤའ་ཡག་པོ་རྒྱག་པ་བཅས་བྱས་ཏེ།དཔལ་འབྱོར་མ་ལག་དེ་བས་མང་བ་དང་མང་ཚོགས་དེ་བས་མང་བར་གོང་འཕེལ་གྱི་གྲུབ་འབྲས་ལོངས་སུ་སྤྱོད་དུ་འཇུག་དགོས། ད་ལོར་ཕེ་རུ་ཡིས་ཚད་ལྡན་མིན་པའི་དཔལ་འབྱོར་དེ་ཚད་ལྡན་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཕྱོགས་སྒྱུར་གྱི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དེ་ནི་ཀྲུང་གོས་མི་རྩ་བར་འཛིན་པ་དང་། སྤྱི་ཚོགས་ཀྱི་དྲང་གཞག་དང་དྲང་བདེན་ལ་སྐུལ་འདེད་གཏོང་བ། མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་དང་ཚད་མཐོའི་གཅིག་མཐུན་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཁྲོད་དུ་གྲོང་མིའི་ཡོང་འབབ་མང་དུ་གཏོང་རྒྱུ་དང་། ཁེ་ལས་ཆུང་འབྲིང་གི་ཁྱུ་ཚོགས་རྣམ་པའི་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་གྲོས་འགོར་སྐུལ་འདེད་བཏང་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་ཀུན་ཕན་དང་ཁོང་ཡངས་ངང་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན།
ཀྲུང་གོས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་2026ལོའི་མགྲོན་བདག་རྒྱལ་ཁབ་ཀྱི་འགན་འཁུར་རྒྱུ་ཡིན་པས། ཕྱོགས་ཁག་དང་མཉམ་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།
ལས་རོགས་རྣམ་པ།
སྒྱུར་བཅོས་སྒོ་དབྱེ་ནི་ཀྲུང་གོ་དང་འཛམ་གླིང་མཉམ་དུ་གོང་འཕེལ་དང་ཡར་རྒྱས་འགྲོ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཞིག་རེད། ཟླ་ཤས་གོང་དུ། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ཐོག སྒྱུར་བཅོས་བྱ་ཐབས་གལ་ཆེན་300ལྷག་བཏོན་ནས། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་སྲོལ་འཛུགས་རྒྱུ་དང་། དཔལ་འབྱོར་སྤུས་མཐོའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་སྐྱེད་གཏོང་བ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་ལེགས་སུ་གཏོང་བ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཁག་གི་ཐད་གོ་རིམ་ལྡན་པའི་བཀོད་ཇུས་རབ་དང་རིམ་པ་བྱས་ཡོད། ཀྲུང་གོའི་གོང་འཕེལ་གྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་དང་འཛམ་གླིང་གི་གོང་འཕེལ་ཐད་གོ་སྐབས་གསར་པ་སྔར་བས་མང་བ་སྦྱིན་རྒྱུ་རེད།
ཀྲུང་གོའི་གནའ་མིས“རང་ཉིད་རང་རྐྱ་འཕེར་བར་འགྲེང་བསམས་ན་སྔོན་ལ་གཞན་འགྲེང་དུ་འཇུག་དགོས་པ་དང་། རང་ཉིད་ཀྱི་དམིགས་ཡུལ་འགྲུབ་བསམས་ན་སྔོན་ལ་གཞན་གྱི་དམིགས་ཡུལ་འགྲུབ་ཏུ་འཇུག་དགོས”ཞེས་གསུངས་ཡོད་ལ། ལ་ཏིང་མེ་གླིང་དུ་འང“གནམ་འོག་ལ་ཕན་པ་བྱུང་ཚེ་གཞི་ནས་རྒྱལ་ཁབ་ལ་ཕན་ཐོགས”ཞེས་པའི་གཏམ་དཔེ་ཞིག་ཡོད། ཀྲུང་གོས་ཕྱོགས་ཁག་གིས་ཀྲུང་གོའི་གོང་འཕེལ་གྱི་མྱུར་འཁོར་ནང་མུ་མཐུད་དེ་བསྡད་ནས། ཞི་བདེ་གོང་འཕེལ་དང་། གཉིས་ཕན་མཉམ་ལས། ཐུན་མོང་གོང་འཕེལ་བཅས་ཀྱི་འཛམ་གླིང་རྒྱལ་ཁབ་ཁག་གི་དེང་རབས་ཅན་མངོན་འགྱུར་ཡོང་ཆེད་མཉམ་དུ་འབད་བརྩོན་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།
ལྷན་རྒྱས་ཐུགས་རྗེ་ཆེ།
(ཤིན་ཧྭ་གསར་འགྱུར་ཁང་ལི་མ་ནས་ཟླ་11ཚེས་16ཉིན་འབྱོར་བའི་གློག་འཕྲིན)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社