ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གྲོང་ཁྱེར་འཛུགས་སྐྲུན་དང་རླངས་འཁོར་འགྲོ་འོང་མང་བ་སོགས་ཀྱི་རྐྱེན་པས་འགྲིམ་འགྲུལ་མང་བའི་དུས་མཚམས་ཀྱི་ལམ་དུམ་ཁག་གཅིག་ཏུ་རླངས་འཁོར་འགག་པའི་གནས་ཚུལ་ཐོན་ནས་གྲོང་མི་མང་ཚོགས་ཕྱིར་སྐྱོད་ལ་འགོག་རྐྱེན་བཟོས་ཡོད། ཉིན་ཤས་བསྟུད་མར་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་མགྱོགས་མྱུར་ལས་དོན་སྤེལ་ནས་འགག་རྩའི་ལམ་མདོ་ཁག་ཏུ་ཉེན་རྟོག་པ་བཀོད་སྒྲིག་བྱས་ཤིང་།ལས་སྒྲུབ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་འཛོལ་ཐག་གཅོད་ཀྱི་བརྒྱུད་རིམ་ལེགས་སུ་གཏོང་བ་སོགས་བྱས་པ་བརྒྱུད།ཐབས་མང་མཉམ་སྤྱོད་ཀྱིས་འགྲོ་ལམ་ཤར་གཏོང་ཐུབ་པར་བྱས་ནས་གྲོང་ཁྱེར་གྱི་འགྲིམ་འགྲུལ་སྒྲིག་ལམ་ལ་གཡས་གཞོགས་གཡོན་འདེགས་བྱས་ཡོད།
ཟླ་11ཚེས་12ཉིན་གྱི་ཕྱི་དྲོའི་ཆུ་ཚོད་6པ་ཡོལ་ཙམ་ལ་ཀླུ་སྡིངས་དཀྱིལ་ལམ་བརྒྱད་གཅིག་སློབ་གྲྭའི་དུམ་མཚམས་སུ་འདམ་ར་ནུབ་ལམ་དང་། པེ་ཅིང་ནུབ་ལམ། རྒྱ་མཚོ་ལམ། ནོར་སྟོད་དཀྱིལ་ལམ། སྣེའུ་ཟམ་ཆེན་བཅས་ནས་ཡོང་བའི་རླངས་འཁོར་རིམ་བཞིན་མང་དུ་ཕྱིན་པར་མ་ཟད། སློབ་གྲྭ་གྲོལ་ཉེར་ཡོད་པའི་ཁར་སློབ་མ་སྐྱེལ་བསུ་བྱེད་མཁན་གྱི་རླངས་འཁོར་མང་པོ་ཞིག་ལམ་འགྲམ་དུ་བཞག་ཡོད་པས་འགྲིམ་འགྲུལ་རིམ་བཞིན་འགག་ཡོད་པ་རེད། གློག་སྒུལ་འཁོར་རིགས་དང་སྦག་སྦག་རིགས་རླངས་འཁོར་གྱི་དཀྱིལ་དུ་བསྐྱོད་པ་ལས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ངེས་ཅན་ཞིག་གནས་ཡོད། རླངས་འཁོར་གོ་རིམ་ལྡན་པའི་ངང་ཤར་གཏོང་ཐུབ་པ་དང་འགྲིམ་འགྲུལ་སྒྲིག་ལམ་ལ་སྲུང་སྐྱོང་ཡག་པོ་ཡོང་ཆེད། གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ནུབ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་སྔ་སྣུར་དུ་ལམ་དུམ་དེར་སྒྲིག་འགལ་ངང་བཀག་པའི་འཁོར་རིགས་གཙང་བཤེར་བྱས་པ་དང་ལམ་མདོར་གོ་རིམ་ལྡན་པའི་ངང་འཁོར་རིགས་ཤར་གཏོང་བྱེད་པར་བཀོད་འདོམས་བྱས་པས་དེ་སྔ་ཟང་ཟིང་ཡིན་པའི་འགྲིམ་འགྲུལ་གྱི་གནས་ཚུལ་ལེགས་སུ་ཕྱིན་པ་དང་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་པ་རེད།
གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གི་རིམ་པ་བཞི་པའི་མཐོ་རིམ་ཉེན་རྟོག་དཔོན་བཀྲ་ཤིས་དོན་གྲུབ་ཀྱིས་ང་ཚོའི་ཁོངས་གཏོགས་ཁུལ་དུ་དུས་རྒྱུན་འགྲིམ་འགྲུལ་གནས་ཚུལ་ཡག་པོ་ཡོད། གཞུང་ལམ་འགག་ས་གཙོ་བོ་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལམ་མདོ་དང་། ནོར་སྟོད་ལམ་མདོ། བརྒྱད་གཅིག་ལྷོ་ངོས་ཀྱི་ལམ་མདོ་བཅས་སུ་རེད། རླངས་འཁོར་འགག་སའི་ལམ་དུམ་དེ་དག་ལ་དམིགས་ཏེ་རྒྱུན་དུ་ང་ཚོས་ཉེན་རྟོག་པ་གཏན་འཁེལ་བྱེད་པ་དང་དུས་མཚུངས་རླངས་འཁོར་འགྲོ་སྐྱོད་མང་བའི་དུས་སུ་ཉེན་རྟོག་པ་མང་དུ་བཏང་ནས་འགྲིམ་འགྲུལ་ཤར་གཏོང་ཐུབ་པར་བྱེད་ཀྱི་ཡོད། རླངས་འཁོར་གང་བྱུང་དུ་འཇོག་མཁན་ལ་ང་ཚོས་དུས་ཐོག་ཏུ་ཁ་ཏ་བསླབ་བྱ་བྱེད་ཀྱི་ཡོད། གལ་ཏེ་སྐར་མ་བཅུའི་རྗེས་སུ་རླངས་འཁོར་ད་དུང་རང་སར་བཞག་ཡོད་ཚེ་ཆད་གཅོད་ཀྱི་རྩིས་ཐོ་བྲིས་ཏེ་ཆད་པ་གཅོད་ཀྱི་ཡོད་ཅེས་བཤད།
མིག་སྔར།ལྷ་སའི་ལྟེ་བའི་གྲོང་ཁུལ་གྱི་འགྲིམ་འགྲུལ་འགག་པའི་སྣང་ཚུལ་གཙོ་བོ་ལམ་དུམ་ཁ་ཤས་དང་ལམ་བཞི་མདོ་ཁ་ཁ་ཤས་སུ་གནས་ཡོད་ཅིང་། དེ་དག་ནི་ལས་འགོ་ཚུགས་སྐབས་དང་ལས་མཚམས་འཇོག་སྐབས་དང་།སློབ་གྲྭ་ཚུགས་སྐབས། སློབ་གྲྭ་གྲོལ་སྐབས།དུས་ཆེན་དང་ངལ་གསོའི་སྐབས་བཅས་སུ་གཅིག་སྡུད་ཐོག་མངོན་གྱི་ཡོད། དེར་བརྟེན་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་དུས་མཚམས་དང་ལམ་དུམ་གལ་ཆེན་ལ་དམ་འཛིན་ནན་པོ་བྱས་ཏེ་ཉེན་རྟོག་པ་ཡོངས་ལམ་དུ་སྐྱོད་པ་དང་དུས་ཚོད་རིང་དུ་གཏོང་བའི་བླང་བྱ་ལྟར་ཅུས་དང་ལས་ཁུངས་ཀྱི་རོགས་སྐྱོར་ཉེན་རྟོག་པ་དང་། མངགས་གཏོང་ཁང་། ཉེན་རྟོག་ལས་དོན་ས་ཚིགས་བཅས་ཀྱི་ཡུན་རིང་གསུམ་གྱི་ལམ་ལུགས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་བྱས་ཏེ་ལས་ཀའི་དུས་ཚོད་དེ་སྔའི་ཆུ་ཚོད་8:30ནས་22:30བར་དེ་ད་ལྟ་ཆུ་ཚོད་8:00ནས་23:00བར་ལེགས་སྒྲིག་བྱས་ནས་བཅོས་སྒྲིག་བྱེད་ཡུན་རིང་དུ་གཏོང་བ་དང་། བཅོས་སྒྲིག་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། ལམ་འགག་ས་གཤོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་འགྲོ་ལམ་འགྲིམ་འགྲུལ་སྒྲིག་ལམ་ཡག་པོ་སྲུང་སྐྱོང་གང་ལེགས་བྱས་ཡོད།
འགྲིམ་འགྲུལ་གྱི་ལས་འཛོལ་ཐོན་ནས་འགྲིམ་འགྲུལ་འགག་པར་དམིགས་ཏེ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་ལས་འཛོལ་གྱི་བརྙན་ལམ་མྱུར་དུ་ཐག་གཅོད་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་བཏང་ཡོད། རྒྱུ་ནོར་ལ་གྱོང་གུན་ཕོག་པའི་ལས་འཛོལ་ཚང་མ་རླངས་འཁོར་འགུལ་ཐུབ་པ་དང་། མི་ལ་རྨས་སྐྱོན་ཕོག་མེད་པ། ལག་ཁྱེར་ཆ་ཚང་པོ་བཅས་ཀྱི་གནས་ཚུལ་འོག་ཉེན་རྟོག་པས་སྤྱིར་ན་བརྙན་ལམ་གཞིར་བཟུང་མགྱོགས་མྱུར་གྱོད་གཞི་ཐག་གཅོད་བྱེད་པ་དང་། གྱོད་གཞི་ཐག་གཅོད་ཀྱི་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ། དོ་བདག་ཡུལ་དངོས་ནས་ཕྱིར་འཐེན་བྱ་རྒྱུར་མགྱོགས་མྱུར་ཁྲིད་སྟོན་བཅས་བྱས་པས་ལས་འཛོལ་ཐོན་ཡུལ་དུ་དུས་ཐོག་ཏུ་ཐག་གཅོད་མ་ཐུབ་པའི་རྐྱེན་གྱིས་འགྲིམ་འགྲུལ་འགག་པ་དང་ལས་འཛོལ་ཐེངས་གཉིས་པ་མི་ཐོན་པར་བྱས་ནས་འགྲོ་ལམ་ཤར་གཏོང་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད། གཞན་ཡང་།གྲོང་ཁྱེར་འཛུགས་སྐྲུན་གྱིས་འགྲིམ་འགྲུལ་འགག་པར་དམིགས་ཏེ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་དང་། ལས་གྲྭ་འཛུགས་སྐྲུན་བཀོད་འདོམས་པུའུ། འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་དང་ཨར་ལས་ཚན་པ། འགྲིམ་འགྲུལ་ཉེན་རྟོག་རུ་འབྲིང་དང་ལས་བགོས་ཁུལ་བཅས་སོ་སོར་ས་ཚིགས་དང་ས་ཚིགས་ཀྱི་སྦྲེལ་མཐུད་འབྲེལ་གཏུགས་ལམ་སྲོལ་བཙུགས་ཡོད་ཅིང་།གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་ཚན་པ་དང་། ལས་གྲྭ་འཛུགས་སྐྲུན་བཀོད་འདོམས་པུའུ། སྒྱུར་བཀོད་ཨར་ལས་ཚན་པ། ཨར་ལས་ལམ་རྒྱུད་ཀྱི་སློབ་གྲྭ་སོགས་སྒྲིག་འཛུགས་བྱས་ནས་ངོ་ཐུག་གདོང་འཕྲད་ཀྱི་སྤེལ་རེས་བཞུགས་མོལ་ཚོགས་འདུ་འཚོགས་པ་དང་འབྲེལ་སྡོད་ཁང་འཛུགས་སྐྲུན་དང་གྲོང་ཁྱེར་དོ་དམ་སོགས་ཚན་པ་དང་ཨར་ལས་ཕྱོགས་དང་གཅིག་གཏད་གཅིག་གི་སྦྲེལ་མཐུད་འབྲེལ་གཏུགས་བྱས་ཏེ་ཨར་ལས་ཀྱི་མྱུར་ཚད་མགྱོགས་སུ་གཏོང་བ་དང་ནུས་ཤུགས་ཡོད་རྒུས་ལམ་དུམ་འགག་པར་འགྲིམ་འགྲུལ་ཤར་གཏོང་ཐུབ་པའི་འགན་ལེན་བྱས་ཡོད། དེའི་རིང་ཁྱོན་ཨར་སྐྲུན་གྱི་ལམ་སྣེ་ཁག་31ལེགས་སུ་བཏང་བ་དང་། དུས་ཚོད་བཀོད་སྒྲིག་གི་ཇུས་གཞི་ཐེངས་161ལེགས་སྒྲིག་བྱས་པ། ལམ་ངོས་བཟུང་ནས་ཨར་སྐྲུན་བྱེད་པའི་ཉེ་འཁོར་གྱི་ལམ་མདོའི་ཡིད་རྟོན་ཚོད་འཛིན་གྱི་ཇུས་གཞི་94ལེགས་སྒྲིག་བཅས་བྱས་ཡོད་པ་རེད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
པར་འདི་ནི་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ནུབ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ལམ་ཁར་འགྲིམ་འགྲུལ་བཀོད་འདོམས་བྱེད་བཞིན་པའི་གནས་ཚུལ་ཡིན།
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社