ཤིན་ཧྭ་གསར་འགྱུར་ཁང་ལི་མ་ནས་ཟླ་11ཚེས་15ཉིན་གློག་འཕྲིན་འབྱོར་གསལ།ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་11ཚེས་15ཉིན་གྱི་སྔ་དྲོ།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལི་མར་འཚོགས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་དབུ་ཚོགས་ཐོག་འགོ་བརྗོད་དུ《དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོར་སྟངས་འཛིན་གྱིས་འཛམ་གླིང་དར་རྒྱས་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས》ཞེས་འཁོད་པའི་ཡིག་ཐོག་གཏམ་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་རྒྱལ་ཁབ་ཁག་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་ནང་མཉམ་འདྲེས་གཏིང་ཟབ་བྱུང་ནས་དར་ན་མཉམ་དར་དང་གུད་ན་མཉམ་གུད་ཀྱི་ཁེ་ཕན་གཅིག་མཐུན་མ་ལག་དང་ལས་དབང་གཅིག་མཐུན་ཚོགས་པར་གྱུར་ཡོད། དེ་དང་ཆབས་ཅིག་ཏུ་འཛམ་གླིང་ཡམ་ཡོམ་འཕེལ་འགྱུར་གྱི་དུས་རིམ་གསར་པར་སླེབས་པ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་ཐད་འགོག་རྐྱེན་སྣ་ཚོགས་ཀྱིས་ཚོད་བགམ་དྲག་པོ་འཕྲད་བཞིན་ཡོད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་ཁ་ཕྱོགས་གང་ཞིག་ཏུ་གོང་འཕེལ་གཏོང་བའི་ཐད་ང་ཚོས་གདམ་ག་བྱེད་དགོས་ཀྱི་ཡོད་ཅེས་བསྟན་གནང་ཡོད།
ཞི་ཅིན་ཕིང་གིས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་འགྲོ་བའི་ཕྱི་རོལ་ཡུལ་གྱི་བླང་བྱ་དང་ཚན་རྩལ་ཡར་ཐོན་འགྲོ་བའི་ལྡོག་མེད་ཀྱི་འབྲས་བུ་ཞིག་རེད། མ་གཞི་ལྡོག་ཕྱོགས་ཀྱི་རླུང་ཡན་དང་ཕྱིར་བཤོལ་གྱི་རྦ་རླབས་དང་འཕྲད་ཡོད་མོད། འོན་ཀྱང་གོང་འཕེལ་གྱི་དུས་བབ་ཆེན་པོར་འགྱུར་ལྡོག་གཏན་ནས་ཕྱིན་མེད་པ་དང་ཁ་གཡར་ས་སྣ་ཚོགས་ལ་བརྟེན་ནས་ཕན་ཚུན་བརྟེན་རེས་བྱེད་པའི་འཛམ་གླིང་ཁ་ཕྲལ་གཏོང་བ་ནི་ལོ་རྒྱུས་ཀྱི་འཁོར་ལོ་ལྡོག་ཕྱོགས་སུ་སྐོར་བ་ཞིག་རེད། དཀའ་ངལ་ཇི་ཙམ་ཆེ་བའི་དུས་སུ་ཆོད་སེམས་དེ་ཙམ་གྱིས་བརྟན་དུ་གཏོང་དགོས། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཁ་ཕྱོགས་ལ་ཁྲིད་སྟོན་ཡང་དག་བྱེད་པ་དང་། ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་རྒྱུར་ལག་གདང་སྦྲེལ་ནས་སྐུལ་འདེད་གཏོང་བ། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དེ་བས་གསོན་ཤུགས་ལྡན་པ་དང་། དེ་བས་ཁོང་ཡངས་། དེ་བས་རྒྱུན་མཐུད་ཐུབ་པ་བཅས་ཀྱི་དུས་མཚམས་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་མི་འདྲ་བ་དང་ཚོགས་སྤྱི་མི་འདྲ་བར་ཕན་པ་དེ་བས་ཡག་པ་ཐོབ་པ་བྱེད་དགོས།
དེ་ཡང་། གཅིག་ནས་གསར་གཏོད་ཀྱི་སྒུལ་ཤུགས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཛམ་གླིང་དཔལ་འབྱོར་ཤུགས་ཆེར་འཕར་རྒྱུར་སྐུལ་འདེད་གཏོང་དགོས་པ། ཚན་རྩལ་གྲུབ་འབྲས་ཀྱིས་མིའི་རིགས་ཡོངས་ལ་བདེ་སྐྱིད་བསྐྲུན་པའི་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཚན་རྩལ་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རོགས་དང་། ཤེས་བྱ་དང་ལག་རྩལ་གོ་ལ་ཧྲིལ་པོར་འཁོར་རྒྱུག་བྱ་རྒྱུར་རོགས་སྐྱོར་བྱེད་དགོས།
གཉིས་ནས་དུས་བསྟུན་མདུན་སྐྱོད་མཐའ་འཁྱོངས་བྱས་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་མ་ལག་གི་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་དགོས། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་གོ་ལ་ཧྲིལ་པོའི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་སྐད་ཆ་ཤོད་དབང་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། རྒྱལ་སྤྱིའི་དཔལ་འབྱོར་མཉམ་ལས་ཁྲོད་ཀྱི་རྒྱལ་ཁབ་ཁག་ལ་དབང་ཆ་འདྲ་མཉམ་དང་། གོ་སྐབས་འདྲ་མཉམ། སྒྲིག་སྲོལ་འདྲ་མཉམ་བཅས་ཡོང་བར་འགན་ལེན་བྱེད་དགོས།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社