分享按钮

ཞི་ཅིན་ཕིང་གིས་ཕེ་རུའི་སྲིད་འཛིན་པོ་ལུའུ་ཨའར་ཐེ་དང་མཇལ་མོལ་གནང་བ།

(པར་ངོས་དང་པོར་མཐུད)ང་ཚོས་ལོ་རྒྱུས་ཀྱི་མདུན་སྐྱོད་ཁ་ཕྱོགས་གསལ་པོ་རྟོགས་པ་དང་། དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་འཚམ་པ། ཐོག་མཐའ་བར་གསུམ་དུ་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། ཕན་ཚུན་བརྩི་འཇོག ཕན་ཚུན་ཡིད་ཆེས། ཕན་ཚུན་སློབ་སྦྱོང་། ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་བྱ་རྒྱུ་མཐའ་འཁྱོངས་ཐུབ་ནས་བོངས་ཚད་མི་འདྲ་བ་དང་། ལམ་ལུགས་མི་འདྲ་བ། རིག་གནས་མི་འདྲ་བའི་རྒྱལ་ཁབ་དབར་མཐུན་སྒྲིལ་མཉམ་ལས་བྱེད་པའི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ཕྱི་འབྲེལ་བཙུགས་ནས་ལོ་53འཁོར་བ་དང་། ལྷག་པར་དུ་2016ལོར་ངས་ཕེ་རུར་རྒྱལ་དོན་འཚམས་འདྲི་ཐེངས་དང་པོ་བྱས་པ་ནས་བཟུང་། ཕྱོགས་གཉིས་པོའི་ཐུན་མོང་གི་འབད་བརྩོན་འོག ཀྲུང་གོ་དང་ཕེ་རུའི་ཚོང་དོན་མ་འཇོག་མཉམ་ལས་མགྱོགས་མྱུར་ངང་འཕར་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད། ཕྱོགས་གཉིས་པོས་ཉམས་མྱོང་ལ་ཕྱོགས་སྡོམ་བྱས་ནས། རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཕེ་རུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་བསྐྲུན་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཕྱོགས་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱེད་པ་དང་། མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ། དངོས་སྒྲུབ་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་པ། ཚོང་དོན་དང་མ་འཇོག་གི་འཁོར་གཉིས་མཉམ་སྐུལ་ལ་ཤུགས་སྣོན་རྒྱག་པ། སྲོལ་རྒྱུན་ཐོན་ལས་དང་གསར་དར་ཐོན་ལས་གཉིས་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་སྦྲེལ་ཐག་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུའི་ཁྱད་ལྡན་སྤུས་ལེགས་ཀྱི་ཞིང་ཞོར་ཐོན་རྫས་ནང་འདྲེན་བྱེད་རྒྱ་མུ་མཐུད་ནས་ཆེ་རུ་གཏོང་བ་དང་། སྟོབས་ཤུགས་ལྡན་པའི་ཀྲུང་གོའི་ཁེ་ལས་ཕེ་རུར་མ་འཇོག་ལས་གཏོད་བྱེད་པར་བསྐྱོད་ནས་ས་གནས་དེ་གའི་འཕེལ་རྒྱས་ཀྱི་ཆེད་དུ་འབུལ་འོས་པའི་ལེགས་སྐྱེས་འབུལ་འདོད་ཡོད། ཕྱོགས་གཉིས་པོས་གཏེར་ཐོན་ནུས་རྒྱུ་དང་། རྨང་གཞིའི་སྒྲིག་བཀོད། འགྲིམ་འགྲུལ་འཕྲིན་གཏོང་སོགས་སྲོལ་རྒྱུན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྤྱི་འདོམས་དང་སྐུལ་འདེད་བཏང་ནས། གྲངས་གཞིའི་དཔལ་འབྱོར་དང་། མི་ཐབས་རིག་ནུས། ལྗང་མདོག་ཆུ་ཐོག་སྐྱེལ་འདྲེན། གློག་སྒུལ་རླངས་འཁོར། འོད་ཤུགས་ཐོན་ལས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཕེ་རུའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་མཁྲེགས་འབྲེལ་མཉམ་འབྲེལ་ནང་ཞུགས་རྒྱུར་སྐུལ་ལྕག་བྱས་ནས་རིག་ལྡན་འགག་སྒོའི་མཉམ་འབྲེལ་ལ་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་དཀའ་ངལ་ཁྱད་བསད་བྱས་ནས་དུས་བཀག་ལྟར་ཆན་ཁའེ་གྲུ་ཁའི་རྣམ་གྲངས་ཀྱི་དུས་ཐེངས་དང་པོའི་ལས་གྲྭ་ལེགས་འགྲུབ་བྱས་པ་དེས་ཀྲུང་གོ་ཕྱོགས་ཀྱིས་ཕེ་རུ་ཕྱོགས་དང་ཡུན་རིང་གི་འཐབ་ཇུས་མཉམ་ལས་བྱ་རྒྱུའི་ཆོད་སེམས་གང་ལེགས་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུ་དང་མཉམ་དུ་ཆན་ཁའེ་གྲུ་ཁའི་ས་བབ་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཆན་ཁའེ་གྲུ་ཁ་དེ་འགོ་འཛུགས་སར་བྱས་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་སྐམ་ས་དང་རྒྱ་མཚོའི་འགྲོ་ལམ་གསར་པ་བཏོད་དེ་མཚོ་རྒྱུད་ནས་སྐམ་སའི་དབུས་ཁུལ་བར་དང་། ཕེ་རུ་ནས་ལ་ཏིང་མེ་གླིང་གི་རྒྱལ་ཁབ་གཞན་དག་བར་གྱི་ལངས་གཟུགས་དང་། སྣ་མང་།ནུས་ཆེ་བཅས་ཀྱི་ཕན་ཚུན་འབྲེལ་མཐུད་ཀྱི་རྣམ་པ་འཚོལ་ཞིབ་བྱས་ཏེ། ལ་ཏིང་མེ་གླིང་དང་ཅ་ལེ་པིའི་ས་ཁུལ་གྱི་སྤྱི་ཡོངས་འཕེལ་རྒྱས་དང་གཞི་གཅིག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་ཁྲིད་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སུའུ་ཀྲའུ་གྲོང་ཁྱེར་དང་ཆན་ཁའེ་གྲོང་ཁྱེར་དབར་མཛའ་གྲོགས་གྲོང་ཁྱེར་གྱི་འབྲེལ་བ་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ནས་ཕེ་རུ་ཕྱོགས་དང་བཟོ་ལས་གླིང་འཛུགས་སྐྲུན་གྱི་ཉམས་མྱོང་སྤེལ་རེས་བྱེད་པ་དང་། རྒྱལ་མཚམས་སྒྲོལ་བའི་ཞབས་ཞུའི་ཚོང་དོན་དང་གློག་རྡུལ་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ། ཚོགས་པའི་ཕན་འབྲས་དང་མཉམ་འགུལ་གྱི་ཕན་འབྲས་འདོན་སྤེལ་བྱེད་པ་བཅས་ཀྱི་ཐོག་ནས་དངོས་སྒྲུབ་ཀྱི་གྲུབ་འབྲས་དེ་བས་མང་བ་སྤྱད་དེ་ཀྲུང་གོ་དང་ཕེ་རུའི་དབར་གྱི་ཡུན་རིང་མཛའ་གྲོགས་དང་གཉིས་ཕན་མཉམ་ལས་ཀྱི་ཡིད་ཆེས་བརྟན་དུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྱང་ཕེ་རུ་ཕྱོགས་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ། ཐག་ཉེ་སར་ལུའུ་པན་བཟོ་ཁང་དང་། རྒྱ་ཡིག་བཟོ་ཁང་བཙུགས་ནས་ལས་རིགས་སློབ་གསོའི་མཉམ་ལས་བྱས་ཏེ། ཕེ་རུ་ཕྱོགས་ལ་ས་གནས་དེ་གའི་ཤེས་ལྡན་པ་དང་རིག་སྟོབས་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་འདོད་ཡོད།

ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། ཕྱོགས་གཉིས་པོས་རྒྱལ་སྲིད་སྐྱོང་ལུགས་ཀྱི་ཉམས་མྱོང་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ། རུལ་སུངས་ལ་ངོ་རྒོལ་དང་ཁྲིམས་འགལ་ལ་རྡུང་རྡེག་གཏོང་བ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་དུས་རབས་ཀྱི་འགན་འཁྲི་ཁུར་ནས་རྒྱལ་སྤྱིའི་ཡ་རབས་ངང་གླེང་མོལ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དར་སྤེལ་བཏང་སྟེ། གོ་ལ་ཧྲིལ་པོའི་ཡ་རབས་ངང་གླེང་མོལ་དང་མཉམ་ལས་ཀྱི་དྲ་རྒྱ་འཚོལ་ཞིབ་བྱས་ནས་འཛུགས་དགོས། རིག་གནས་སྲིད་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། རིག་གནས་སྒྱུ་རྩལ་དང་། སློབ་གསོ། རིག་གནས་ཤུལ་བཞག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུར་ཕྱོགས་པའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྤྲོད་པའི་མི་གྲངས་མང་དུ་གཏོང་འདོད་ཡོད། རྒྱལ་ཁབ་གཉིས་པོའི་གཞོན་ནུ་ལོ་ཆུང་དབར་ཕན་ཚུན་རྒྱུས་ལོན་དང་མཛའ་མཐུན་ཡོང་བར་བྱས་ནས་ཀྲུང་གོ་དང་ཕེ་རུའི་མཛའ་གྲོགས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱ་རྒྱུའི་རེ་བ་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་འབྲེལ་འདྲིས་གཏིང་ཟབ་བྱེད་པ་དང་། མཐུན་སྒྲིལ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། ས་ཁུལ་གྱི་བརྟན་ལྷིང་དང་དར་རྒྱས་ལ་སྲུང་སྐྱོང་བྱེད་པ་བཅས་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་ཁྱིམ་ཚང་ཆེན་མོ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་ཡོད།ཀྲུང་གོ་དང་ཕེ་རུ་གཉིས་ཀས་ཕྱོགས་མང་རིང་ལུགས་ཀྱི་འདོད་ཚུལ་འཛིན་པ་དང་། སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུའི་སྦྱིན་བདག་རྒྱལ་ཁབ་ཀྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ནས་ཕྱོགས་ཁག་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ད་ཐེངས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐུགས་གྲ་ལེགས་འགྲིག་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།ཀྲུང་གོ་ཕྱོགས་ཀྱིས་ཀྱང་ཕེ་རུ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་གླེང་སྟེགས་སྒྲོམ་གཞིའི་འོག་འབྲེལ་གཏུག་མཐུན་སྦྱོར་ལ་མུ་མཐུད་ནས་ཤུགས་སྣོན་བརྒྱབ་ནས་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་འདོད་ཡོད།

པོ་ལུའུ་ཨའར་ཐེས་ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་། ཁོང་གིས་གསུངས་དོན། ཕེ་རུ་དང་ཀྲུང་གོ་ནི་ཤེས་དཔལ་ལྡན་པའི་གནའ་བོའི་རྒྱལ་ཁབ་གཉིས་ཡིན་ཞིང་། ལོ་རྒྱུས་ཐོག་ཀྲུང་གོ་བ་མང་པོས་ཕེ་རུའི་རྒྱལ་ཁབ་འཛུགས་སྐྲུན་གྱི་ཆེད་དུ་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་ཡོད། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བརྩེ་སེམས་ཟབ་མོ་ཡོད་ལ་མཛའ་གྲོགས་ལྡན་པའི་སྤུན་ཟླ་དང་གྲོགས་པོ་ཡང་ཡིན། ཀྲུང་གོ་ནི་དུས་ཡུན་རིང་པོའི་ནང་ཕེ་རུའི་ཚོང་དོན་རོགས་ཟླ་གལ་ཆེན་ཞིག་ཡིན་པ་དང་། ལྷག་པར་དུ་ཕྱོགས་གཉིས་པོས་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ཐད་མཉམ་ལས་བྱས་པ་ནས་བཟུང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ་དེས་རྒྱལ་ཁབ་གཉིས་པོས་གཉིས་ཁེ་མཉམ་ལས་དང་ཐུན་མོང་གི་འཕེལ་རྒྱས་དོན་གཉེར་བྱེད་པའི་འགྱུར་མེད་ཀྱི་ཁས་ལེན་གང་ལེགས་མཚོན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་རིང་། ཕྱོགས་གཉིས་པོས་རང་མོས་ཚོང་དོན་གྲོས་ཆོད་ཀྱི་རིམ་སྤོར་གྲོས་ཆོད་ཡི་གེ་སོགས་ཚུད་པའི་མཉམ་ལས་གྲོས་མཐུན་གལ་ཆེན་མང་པོར་མིང་རྟགས་བཀོད་པ་དེས་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་འབྲེལ་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་སྔར་བས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་རེད།ལྷག་པར་དུ་ཆན་ཁའེ་གྲུ་ཁ་བཙུགས་པ་དེས་ཆན་ཁའེ་ནས་ཧྲང་ཧའེ་བར་འགྲོ་འོང་བྱ་རྒྱུ་བྱུང་བ་དང་། དེ་ནི་ལ་ཏིང་མེ་གླིང་དང་ཨེ་ཤེ་ཡའི་དབར་གྱི་སྦྲེལ་ཟམ་གལ་ཆེན་དང་། ཕེ་རུའི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ནས་ཕེ་རུ་དང་ལ་ཏིང་མེ་གླིང་ས་ཁུལ་གྱི་རྒྱལ་ཁབ་གཞན་དག་དང་དེ་བཞིན་ཀྲུང་གོ་དང་ཐ་ན་ཨེ་ཤེ་ཡའི་དབར་གྱི་དེ་བས་ནུས་ཆེ་དང་སྟབས་བདེའི་སྦྲེལ་མཐུད་དང་ཚོང་དོན་ལ་སྐུལ་འདེད་ནུས་ལྡན་ཐེབས་རྒྱུ་དང་།རྒྱལ་ཁབ་གཉིས་པོ་དང་ས་ཁུལ་དབར་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐེབས་རྒྱུ་རེད། ཕེ་རུ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ཕེ་རུར་མ་འཇོག་ལས་གཏོད་བྱེད་པར་ཡོང་ནས་རྨང་གཞིའི་སྒྲིག་བཀོད་དང་། ཐོན་ཁུངས་ནུས་རྒྱུ། འགྲིམ་འགྲུལ་སོགས་ཁྱབ་ཁོངས་གལ་ཆེན་གྱི་མཉམ་ལས་རྣམ་གྲངས་ནང་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ངས་ཕེ་རུ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་མཐའ་གཅིག་ཏུ་བྱ་རྒྱུའི་བསྐྱར་བསྒྲགས་བྱེད་འདོད་ཡོད། ཕེ་རུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་ཤེས་དཔལ་སྤེལ་རེས་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་གཞོན་ནུ་དང་མི་སྣ་འགྲོ་འོང་ཟབ་ཏུ་གཏོང་འདོད་ཡོད།ཀྲུང་གོ་ཕྱོགས་ཀྱིས་ཕེ་རུས་ད་ཐེངས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་གཙོ་གཉེར་བྱས་པར་རྒྱབ་སྐྱོར་གལ་ཆེན་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕེ་རུ་ཕྱོགས་ཀྱིས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ནས་ཀྲུང་གོ་ཕྱོགས་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་སོགས་ཀྱི་སྒྲོམ་གཞིའི་ནང་འབྲེལ་གཏུག་དང་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་ཡུན་རིང་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་དར་རྒྱས་མངོན་འགྱུར་ཡོང་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་འཚམས་འདྲི་གནང་བ་དེ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་ནང་གི་ལམ་ཚད་ཀྱི་རྡོ་རིང་གལ་ཆེན་ཞིག་ཏུ་འགྱུར་ངེས་ཡིན་པ་དང་། ཕེ་རུ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ལེའུ་གསར་པ་ཞིག་བརྩམས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་དེ་བས་རྒྱུན་སྲིང་དང་དར་རྒྱས་ཀྱི་འབྱུང་འགྱུར་མཉམ་སྐྲུན་དང་མཉམ་སྤྱོད་བྱས་ཏེ། ཕེ་ཀྲུང་གི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་ཐུབ་ངེས་རེད།

མཇལ་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཕེ་རུ་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གི་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་སྐོར་གྱི་མཉམ་ལས་འཆར་འགོད》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་དང་ཕེ་རུ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གི་རང་མོས་ཚོང་དོན་ཆོད་ཡིག་རིམ་སྤོར་གྲོས་ཆོད་ཡི་གེར》མཉམ་དུ་མིང་རྟགས་བཀོད་ནས་དཔང་པོ་གནང་བ་དང་འབྲེལ་དཔལ་འབྱོར་ཚོང་དོན་དང་། ཐོན་ལས་མ་འཇོག བཟོ་ལས་གླིང་ཁུལ། སློབ་གསོ། ལྗང་མདོག་འཕེལ་རྒྱས་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཡིག་ཆ་མང་པོ་ཞིག་བརྗེ་རེས་བྱེད་པར་ཡང་དཔང་པོ་གནང་བ་རེད།

ཕྱོགས་གཉིས་པོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕེ་རུ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།

ཉིན་དེའི་དགོང་མོར། ཞི་ཅིན་ཕིང་སྲིད་འཛིན་པོ་ལུའུ་ཨའར་ཐེས་བཤམས་པའི་དགའ་བསུའི་གསོལ་སྟོན་ནང་ཞུགས་ཡོད།

ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་གྱི་བྱེད་སྒོའི་ནང་ཞུགས་ཡོད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-11-17 6 6 拉萨日报藏文 c191104.html 1 ཞི་ཅིན་ཕིང་གིས་ཕེ་རུའི་སྲིད་འཛིན་པོ་ལུའུ་ཨའར་ཐེ་དང་མཇལ་མོལ་གནང་བ། /enpproperty-->