ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཞིང་འབྲོག་མང་ཚོགས་ཀྱི་མཐོང་རྒྱ་ཆེ་རུ་གཏོང་བ་དང་། ལྟ་བ་གསར་བརྗེས། ཞིང་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་གྱིས་ཞིང་འབྲོག་མང་ཚོགས་ཀྱི་ལྟ་སྐོར་དང་། ཞིབ་འཇུག སློབ་སྦྱོང་བཅས་ཀྱི་བྱེད་སྒོ་སྤེལ་བ་རེད། ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་རྒྱལ་ཁབ་དེང་རབས་ཞིང་ལས་དཔེ་སྟོན་ཁུལ་གྱི་ལས་དོན་པ་དང་དེ་བཞིན་ཞིང་འབྲོག་མང་ཚོགས་ཁྱོན་80ལྷག་ཙམ་ད་ཐེངས་ཀྱི་ཞིབ་འཇུག་སློབ་སྦྱོང་ནང་ཞུགས་ཡོད་པ་རེད།
ཞིབ་འཇུག་དང་སློབ་སྦྱོང་བྱེད་རིང་། ཞིབ་འཇུག་དང་སློབ་སྦྱོང་ནང་ཞུགས་མཁན་ཞིང་འབྲོག་མང་ཚོགས་ཚོས་ལས་དོན་པའི་སྣེ་ཁྲིད་འོག་གླིང་ཁུལ་གྱི་ཁྱད་ལྡན་འགྲེམས་ཁང་མང་པོར་ལྟ་སྐོར་སློབ་སྦྱོང་བྱེད་པར་བསྐྱོད་པ་རེད། ས་གཙང་བདེ་ཐང་ཐོན་ལས་ཁང་དུ་ཚང་མས་གླིང་ཁུལ་གྱི་འཕེལ་རྒྱས་དང་དེ་བཞིན་ས་གནས་དེ་གའི་ཁྱད་ལྡན་ལག་ཤེས་ཐོན་རྫས་ལ་ཤེས་རྟོགས་དང་།ཆུ་ཤུར་འཇུན་པ་ཉ་པའི་གྲོང་ཚོའི་ཀོ་གྲུའི་འགྲེམས་དངོས་ལ་ལྟ་སྐོར་བྱས་པ་རེད། དེང་རབས་ཞིང་ལས་ཚན་རིག་ཁྱབ་གདལ་ཁང་གི་གླིང་ཁུལ་དུ་ལས་དོན་པས་སྐྱེ་དངོས་སྣ་ཚོགས་ཀྱི་འདེབས་འཛུགས་ལག་རྩལ་ཐད་འགྲེལ་བཤད་བརྒྱབ་ནས་ཚང་མར་ཚན་རིག་ཁྱབ་གདལ་སློབ་སྦྱོང་དང་སྤེལ་རེས་ཀྱི་ལས་སྟེགས་མཁོ་འདོན་བྱས་པ་དང་དེའི་ནང་དེང་རབས་ཞིང་ལས་ཀྱི་འདེབས་འཛུགས་བྱེད་སྟངས་སྣ་ཚོགས་དང་དེ་བཞིན་རྩི་ཤིང་སྣ་ཁ་120ལྷག་ཙམ་འགྲེམས་སྟོན་བྱས་ཡོད་པ་རེད། ས་རྒྱུ་མེད་པའི་འདེབས་གསོ་ཁང་ནི་ད་ཐེངས་ཀྱི་ཞིབ་འཇུག་དང་སློབ་སྦྱོང་གི་བཀྲག་མདངས་འཚེར་ས་ཞིག་ཡིན་ཞིང་། གླིང་ཁུལ་གྱི་ལས་དོན་པས་ཞིང་འབྲོག་མང་ཚོགས་ལ་འདེབས་གསོའི་རྣམ་པ་མི་འདྲ་བའི་ལེགས་ཆ་དང་དེ་བཞིན་ཁྱིམ་ཚང་གི་སྔོ་ཚལ་འདེབས་གསོའི་ཐད་ཀྱི་སྟབས་བདེ་ངོ་སྤྲོད་བྱས་པ་རེད། ཁང་དེས་ཆུའི་ནང་འདེབས་གསོ་བྱས་པའི་རྩི་ཤིང་སྣ་ཚོགས་དང་གྱང་རྨང་གཞིར་བྱས་པའི་འདེབས་གསོ་འགྲེམས་སྟོན་བྱས་པ་དང་། ཀྭ་རིགས་དང་ཁྱད་ལྡན་ཤིང་འབྲས་དང་སྔོ་ཚལ་འགྲེམས་སྟོན་བྱས་པ་དཔེར་ན། ཀྭ་རིགས་དང་ཆུའི་ནང་འདེབས་གསོ་བྱས་པའི་སྔོ་ཚལ་སོགས་ཡོད་པ་རེད།
བོད་ལྗོངས་ཡིང་ཧྲི་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སིའི་ཞིབ་འཇུག་སློབ་སྦྱོང་བྱེད་སྒོའི་འགན་འཁུར་བ་ལྷག་པས། ད་ཐེངས་ཀྱི་ཞིང་འབྲོག་པའི་ཞིབ་འཇུག་དང་སློབ་སྦྱོང་གི་བྱེད་སྒོ་སྤེལ་དོན་ནི་ཚང་མར་དངོས་དངོས་རྗེན་རྗེན་གྱི་རོགས་རམ་ཐོབ་རྒྱུའི་རེ་བ་ཡོད། ད་ཐེངས་ཀྱི་ཞིབ་འཇུག་དང་སློབ་སྦྱོང་ལ་རིགས་པའི་གཞུང་ལུགས་དང་དོན་དངོས་གཉིས་ཟུང་འབྲེལ་གྱིས་ཞིང་འབྲོག་མང་ཚོགས་གླིང་ཁུལ་གྱི་ས་གཙང་འགྲེམས་ཁང་དང་། དེང་རབས་ཞིང་ལས་ཚན་རིག་ཁྱབ་གདལ་ཁང་། རྟེན་གཞི་སོགས་ལ་ལྟ་སྐོར་བྱ་རྒྱུ་བཀོད་སྒྲིག་བྱས་པ་དང་ཞིང་འབྲོག་མང་ཚོགས་ཚོས་སྔོན་ཐོན་གྱི་ཞིང་ལས་འདེབས་འཛུགས་ལག་རྩལ་ལ་ཁྱོན་ཡོངས་ནས་ཤེས་རྟོགས་དང་སློབ་སྦྱོང་ཐུབ་པར་བྱས་ཏེ། སླད་ཕྱིན་གྱི་འཚོ་བའི་ནང་དེ་རིང་སྦྱངས་པའི་ཞིང་ལས་རིག་པའི་ཤེས་བྱ་རྒྱུན་གཏན་གྱི་འདེབས་འཛུགས་ལས་དོན་ཁྲོད་དེ་བས་ལེགས་པའི་སྒོ་ནས་སྤྱོད་ཐུབ་པར་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
ད་ཐེངས་ཀྱི་ཞིབ་འཇུག་དང་སློབ་སྦྱོང་བྱེད་སྒོ་ནི་ཤེས་བྱ་སྤེལ་རེས་དང་ངོ་འཕྲད་བྱས་པ་ཞིག་ཡིན་ལ་ཞིང་འབྲོག་མང་ཚོགས་ཀྱིས་ཞིང་ལས་འདེབས་འཛུགས་ལག་རྩལ་གྱི་འཕེལ་རྒྱས་ལ་འཚོལ་ཞིབ་ཧུར་ཐག་བྱས་པ་ཞིག་དེ་བས་ཀྱང་ཡིན། ཚང་མས་ད་ཐེངས་ཞིབ་འཇུག་དང་སློབ་སྦྱོང་བྱེད་པའི་ནང་སྦྱངས་པའི་སྔོན་ཐོན་གྱི་ཉམས་མྱོང་དང་དེ་བཞིན་ཉེར་སྤྱོད་ལག་རྩལ་འཁྱེར་ཏེ། རྩ་ཆེའི་ཤེས་བྱ་དང་ལག་རྩལ་དེ་དག་བབ་བསྟུན་ངང་སྤྱད་པ་བརྒྱུད་རང་ཁྱིམ་གྱི་ཞིང་ཁའི་ཐོན་ཚད་དང་སྤུས་ཚད་མཐོ་རུ་ཧུར་ཐག་གཏོང་རྒྱུ་ཡིན། དེ་དང་ཆབས་ཅིག་ཉེ་འགྲམ་གྱི་ཡུལ་མི་ཚོར་སྐུལ་འཁྲིད་བྱས་ནས། མཉམ་དུ་ཡར་རྒྱས་ཡོང་བར་བྱ་རྒྱུ་དང་། གནས་འདི་གའི་ཞིང་ལས་འདེབས་འཛུགས་ལག་རྩལ་ལ་གསོན་ཤུགས་གསར་པ་བསྣན་ནས་ཞིང་ལས་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གཅིག་མཇུག་གཉིས་མཐུད་ངང་བཤད་པ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社