ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གླིང་སྐོར་བྱང་ལམ་འདི་ཉིད་ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་འགག་ལམ་གལ་ཆེན་གྱི་གྲས་ཤིག་ཡིན་པ་དང་ལམ་ཐག་ཧྲིལ་པོར་སྤྱི་ལེ་2.2ཡོད་པ་རེད། ལྷ་ས་གྲོང་ཁྱེར་གྱི་གཞུང་ལམ་དང་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་རིམ་སྤོར་རྣམ་གྲངས་12ལག་བསྟར་བྱས་ཚུན་ཨར་ལས་ཕྱོགས་ཀྱིས་ཟླ་བ་ཁ་ཤས་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་ལམ་དུམ་དེའི་སྣུམ་ནག་ལམ་འདིང་བའི་ལས་དོན་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བ་རེད། རྣམ་གྲངས་འདི་ཉིད་ལེགས་གྲུབ་བྱུང་བ་ཡིས་གྲོང་མི་ཚོའི་འགྲོ་སྐྱོད་ཀྱི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་པ་མ་ཟད། ལྷ་ས་གྲོང་ཁྱེར་ལ་དེ་བས་སྟབས་བདེའི་འགྲིམ་འགྲུལ་གྱི་ཁོར་ཡུག་བཏོད་དེ་རྒྱ་ཆེའི་གྲོང་མི་ཚོའི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་པ་དང་འབྲེལ་ཚང་མས་བསྔགས་བརྗོད་བྱེད་ཀྱི་ཡོད་པ་རེད།
ཟླ་11ཚེས་13ཉིན་གསར་འགོད་པ་གླིང་སྐོར་བྱང་ལམ་དུ་སྐྱོད་སྐབས་མིག་ལམ་དུ་འཆར་བ་ནི་རྣམ་པ་གསར་རྐྱང་ཞིག་ཡིན་པ་རེད། དེ་སྔོན་འཕྲུལ་འཁོར་གྱི་སྒྲ་དང་བྲེལ་འཚུབ་ཆེ་བའི་ཨར་སྐྲུན་བྱ་ཡུལ་དུ་ད་ཆ་སྣུམ་ནག་ལམ་ངོས་གསར་རྐྱང་ཞིག་མངོན་རྒྱུ་ཡོད། རླངས་འཁོར་རྣམས་གསར་དུ་བཏིང་བའི་སྣུམ་ནག་ལམ་ངོས་སུ་གྲལ་འགྲིག་པོས་འགྲོ་སྐྱོད་བྱེད་བཞིན་མཆིས། སྣུམ་ནག་གི་ལམ་ངོས་ཁག་གཅིག་ཏུ་མངོན་གསལ་དོད་པའི་འགྲིམ་འགྲུལ་གྱི་མཚོན་ཐིག་བཀོད་ཟིན་ནས་འགྲོ་ལམ་བདེ་འཇགས་ལ་འགན་ལེན་ནུས་ལྡན་བྱས་ཡོད་པ་རེད།
ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པ་ཚོགས་པ་ཚད་ཡོད་ཀུང་སིའི་རྣམ་གྲངས་ཀྱི་ཅིང་ལི་ཁྲེན་ཅ་ལིན་གྱིས་མིག་སྔར་གླིང་སྐོར་བྱང་ལམ་གྱི་སྣུམ་ནག་ལམ་ངོས་ཀྱི་བརྒྱ་ཆ་50ལེགས་གྲུབ་ཟིན་པ་དང་། སྔོན་དཔག་བྱས་པ་ལྟར་ན། ཟླ་11ཚེས་15ཉིན་གླིང་སྐོར་བྱང་ལམ་གྱི་སྣུམ་ནག་ལམ་ངོས་ཀྱི་ལས་འགན་སྤྱིའི་ཆ་ནས་ལེགས་གྲུབ་ཟིན་རྒྱུ་རེད་ཅེས་བཤད།
གླིང་སྐོར་བྱང་ལམ་གྱི་སྣུམ་ནག་ལམ་འདིང་བའི་ལས་དོན་དེ་མཇུག་བསྡུའི་དུས་མཚམས་སུ་སླེབས་ནས་ཁྱོན་ཡོངས་ནས་ལས་མཇུག་འགྲིལ་ཉེར་ཡོད། གྲོང་མི་མང་ཚོགས་ཀྱིས་དེའི་ཐད་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད། གླིང་སྐོར་བྱང་ལམ་གྱི་སྣུམ་ནག་ལམ་ངོས་ཁྱོན་ཡོངས་ནས་བཏིང་ཟིན་གས་སུ་ཕྱིན་ནས་གྲོང་ཁྱེར་གྱི་འགྲིམ་འགྲུལ་ལ་གསོན་ཤུགས་གསར་པ་སྣོན་རྒྱུ་རེད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད།
ཉེ་འཁོར་གྱི་ཚོང་དུད་སྐུ་ཞབས་ཅིན་ལགས་ཀྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་དེ་སྔ་གླིང་སྐོར་བྱང་ལམ་གྱི་ལམ་ངོས་གཏོར་སྐྱོན་ཅུང་ཙམ་ཤོར་ཡོད། སྒྱུར་བཀོད་རིམ་སྤོར་བྱས་པ་དང་། དེའི་ཐོག་ད་ཆའི་ལམ་ངོས་གསར་པ་བཏིང་རྗེས་ཚོང་ཁང་གི་སྒོ་འགྲམ་དུའང་གཙང་རུ་ཕྱིན་པའི་ཁར་སྐུ་མགྲོན་མང་དུ་ཕྱིན་ནས་ཚོང་ཡང་དེ་སྔ་ལས་ཡག་ཏུ་ཕྱིན་འདུག་ཅེས་བཤད་པ་རེད།
གྲོང་མི་ཕུན་ཚོགས་ཆོས་སྒྲོན་གྱིས་གླིང་སྐོར་བྱང་ལམ་གྱི་སྣུམ་ནག་ལམ་ངོས་གསར་པ་བཏིང་བ་དེས་ལམ་ངོས་ཁོད་སྙོམས་ཤིང་མཛེས་པ་མ་ཟད། འཛེར་སྒྲ་དང་ཐལ་རྡུལ་ཡང་ཉུང་དུ་ཕྱིན་ནས་ང་ཚོའི་འཚོ་བའི་ཁོར་ཡུག་ཀྱང་སྔར་བས་ལེགས་སུ་ཕྱིན་ཡོད་ཅེས་བཤད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社