པར་འདི་ནི་ལྷ་སའི་མཐོ་གསར་ཁུལ་སྣེའུ་ཁྲོམ་གཞུང་གསང་མདའ་གྲོང་ཚོའི་ལས་དོན་པས་ཡུལ་མིར་ཆད་འགྱངས་དངུལ་སྤྲོད་བཞིན་པའི་རྣམ་པ་ཡིན།
ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་11ཚེས་12ཉིན། ལྷ་སའི་མཐོ་གསར་ཁུལ་སྣེའུ་ཁྲོམ་གཞུང་གསང་མདའ་གྲོང་ཚོས་གསང་མདའ་གྲོང་ཚོའི་རླངས་འཁོར་རུ་ཁག་ལ་ཆད་འགྱངས་དངུལ་སྤྲོད་པའི་མཛད་སྒོ་འཚོགས་ཤིང་། བསྡོམས་རྩིས་བྱས་པར་གཞིགས་ན། འབྲེལ་ཡོད་ཚན་པ་ཁག་གིས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། ད་ལོ་ནས་བཟུང་རིམ་རྩིས་བྱས་ན་རླངས་འཁོར་རུ་ཁག་དེའི་དུད་ཚང་100ལྷག་ཙམ་དང་འབྲེལ་བ་ཡོད་པའི་ཡུལ་མིར་ཆད་འགྱངས་དངུལ་སྒོར་ཁྲི་1200ལྷག་ཙམ་ཚུར་བླངས་པ་དང་། འདི་ནི་ཡུལ་མིའི་ཁེ་དབང་ལ་འགན་ལེན་ནུས་ལྡན་བྱས་པ་ཞིག་ཡིན་ལ། ལྷ་སའི་མཐོ་གསར་ཁུལ་གྱིས་གཞི་རིམ་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ་དང་ཞི་མཐུན་སྤྱི་ཚོགས་སྐྲུན་པའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཀྱང་རེད།
དངུལ་སྤྲོད་པའི་མཛད་སྒོའི་ཐོག མ་དངུལ་གཏོང་སྤྲོད་དྲང་གཞག་དང་ཁ་གསལ་ཡོང་བར་བྱ་ཆེད། གྲོང་ཚོ་ཨུ་ལྷན་གྱི་ལས་དོན་པས་དང་ཐོག་ཡུལ་མི་ཚོར་ཆད་འགྱངས་དངུལ་གྱི་ཡོང་ཁུངས་དང་། དངུལ་གྲངས། དངུལ་སྤྲོད་སྟངས་སོགས་ཚུད་པའི་མ་དངུལ་གཏོང་སྤྲོད་ཀྱི་འབྲེལ་ཡོད་གནས་ཚུལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་། ཡུལ་མི་ཚོས་འབྲེལ་ཡོད་ལས་དོན་པར་དཀར་གཙང་གི་མཇལ་དར་བསྒྲོན་པ་དང་འབྲེལ་གོས་དར་ཡང་སྤྲད་གནང་བ་རེད། དེའི་རྗེས་སུ་ལས་དོན་པས་ཡུལ་མི་ཚོར་ཆད་འགྱངས་དངུལ་རེ་རེ་བཞིན་སྤྲད་པ་དང་།ཁོང་ཚོས་ངང་རྒྱུད་རིང་ལ་ཞིབ་ཚགས་པོའི་སྒོ་ནས་ཡུལ་མི་ཚང་མའི་ཐོབ་ཐང་ལག་ཁྱེར་གྱི་ཆ་འཕྲིན་དང་ཆད་འགྱངས་དངུལ་གྱི་དངུལ་གྲངས་ཞིབ་བསྡུར་བྱས་ཏེ། དངུལ་ཚང་མ་འཕྱུགས་པ་མེད་པའི་སྒོ་ནས་ཡུལ་མི་ཚོར་སྤྲོད་ཐུབ་པའི་འགན་ལེན་བྱས་པ་རེད། ཡུལ་མི་ཚོས་ཞིབ་བསྡུར་བྱས་རྗེས་སེམས་འགུལ་ཐེབས་བཞིན་དུ་མིང་ཐོའི་ཐོག་རང་ཉིད་ཀྱི་མིང་བྲིས་པའམ་མཛུབ་མཐིལ་མནན་པ་དང་། དམར་མདངས་བཀྲ་བའི་ཚོས་གཞི་དེ་ནི་ཡུལ་མི་ཚོས་རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་ལ་ཁས་ལེན་བྱས་པ་ཞིག་ཡིན་པར་མ་ཟད། དྲིན་གཟོའི་བསམ་པ་དེ་བས་ཀྱང་མཚོན་གྱི་ཡོད། ཚང་མས་ད་ཐེངས་ཆད་འགྱངས་དངུལ་བདེ་བླག་ངང་སྤྲད་པ་དེས་ཁོང་ཚོའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་ཐུབ་པར་མ་ཟད། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པ་བྱུང་ཡོད་ཅེས་གཅིག་རྗེས་གཉིས་མཐུད་ངང་བཤད། ཡུལ་དངོས་སུ་གསང་མདའ་གྲོང་ཚོའི་རླངས་འཁོར་རུ་ཁག་གི་རུ་མི་བཀྲ་ཤིས་ཚེ་རིང་གིས། ང་ལ་ཆད་འགྱངས་དངུལ་སྒོར་ཁྲི་30ལྷག་ཙམ་རག་བྱུང་བས་སེམས་པ་ཧ་ཅང་སྐྱིད་པོ་བྱུང་། འདིས་ང་ཚོའི་དོན་དངོས་ཀྱི་གནད་དོན་ཐག་གཅོད་ཐུབ་སོང་བས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་གསང་མདའ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་བཅར་འདྲི་བྱེད་སྐབས་གྲོང་ཚོ་དེའི་དུད་ཁྱིམ་ཚང་མར་སྐྱེལ་འདྲེན་རླངས་འཁོར་ཡོད་པ་དང་། རྒྱུན་དུ་གྲོང་ཚོའི་མཉམ་སྡེབ་རླངས་འཁོར་རུ་ཁག་གི་མིང་ཐོག་ནས་སྐྱེལ་འདྲེན་དང་བོགས་གཏོང་གི་ལས་ཀ་བྱེད་ཀྱི་ཡོད་མོད། སྐྱེལ་འདྲེན་དང་འཕྲུལ་ཆས་བོགས་གཏོང་གི་ཆད་དངུལ་མི་ཉུང་བ་ཞིག་ད་དུང་བསྡུས་མེད་པ་དང་། དངུལ་ཁག་ཅིག་མ་སྤྲད་པར་ལོ་5ཕྱིན་ཡོད་ཅིང་། ཁྱོན་དུད་ཚང་100ལྷག་ཙམ་དང་འབྲེལ་བ་ཡོད། གནད་དོན་དེ་ཐག་གཅོད་བྱ་ཆེད། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་། གྲོང་ཚོ་ཨུ་ལྷན་གྱིས་ལྷ་སའི་མཐོ་གསར་ཁུལ་གྱི་འབྲེལ་ཡོད་ཚན་པ་དང་། སྣེའུ་ཁྲོམ་གཞུང་ཕྱོགས་བསྡུས་བཅོས་སྐྱོང་གཞུང་ལས་ཁང་དང་མཉམ་འབྲེལ་བྱས་ཏེ་གྲོང་ཁྱེར་ལས་བརྒལ་ནས་བུ་ལོན་འདེད་གཏོང་དང་། ཚན་པའི་དབར་སྦྲེལ་མཐུད། ཡུལ་དངོས་སུ་མཐུན་སྦྱོར་སོགས་ཀྱི་བྱ་ཐབས་བརྒྱུད། ཟླ་6ཙམ་ལ་འབད་བརྩོན་བྱས་པ་བརྒྱུད་གསང་མདའ་གྲོང་ཚོའི་མཉམ་སྡེབ་རླངས་འཁོར་རུ་ཁག་ལ་སྐྱེལ་འདྲེན་ཆད་དངུལ་དང་འཕྲུལ་ཆས་བོགས་མར་གཏོང་ལེན་གྱི་གྲོན་དངུལ་རིམ་རྩིས་བྱས་ན་སྒོར་ཁྲི་1200ལས་བརྒལ་བ་ཚུར་བླངས་པ་དང་འབྲེལ་ཡུལ་མིར་ཐེངས་གཉིས་སུ་བགོས་ནས་ཆད་འགྱངས་དངུལ་སྤྲད་པས། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཐུབ་ནས་རྒྱ་ཆེའི་གྲོང་མི་ཚོའི་ཁས་ལེན་ཐོབ་པ་རེད།
ལྷ་སའི་མཐོ་གསར་ཁུལ་སྣེའུ་ཁྲོམ་གཞུང་གསང་མདའ་གྲོང་ཚོའི་ཏང་གི་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་པོ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཧོང་ཀྲེ་ཧྭ་ཡིས། རྗེས་མར་གསང་མདའ་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་གཙོ་གནད་ལས་འགན་ལྔར་མུ་མཐུད་ནས་དམིགས་ཏེ། མང་ཚོགས་ཀྱི་དགོས་མཁོ་ཁྲིད་སྟོན་དུ་བྱས་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཤེས་རྟོགས་གཏིང་ཟབ་བྱ་རྒྱུ་ཡིན། བཅར་འདྲི་དང་། བརྟག་ཞིབ། གནད་སྨིན་ཇུས་འདོན་བཅས་བྱས་པ་བརྒྱུད་རོགས་སྐྱོར་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་དྲོ་སྐྱིད་དང་རེ་བ་ཡུལ་མི་མི་རེ་ངོ་རེའི་ཉེ་འགྲམ་དུ་ཁྱབ་པར་བྱས་ཏེ་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་མུ་མཐུད་ནས་ཆེ་རུ་འགྲོ་བའི་འཐབ་ཇུས་རྒྱུན་ཆད་མེད་པར་གཏིང་ཟབ་ངང་སྤེལ་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社